༉ པདྨ་དགའ་འཚལ་ ཆོས་འཁོར་གླིང་རྒེད་འོག་ནང་ གླུ་གཞས་འཁྲབ་མི་ ལོ་ན་རྒས་མི་དང་ ན་གཞོན་ཚུ་གིས་ སྤྲོ་བ་དང་དག་སྣང་ དེ་ཅིག་ར་ བསྐྱེད་མ་བཏུབ་མི་ལུ་བརྟེན་ མཐུན་མོང་མ་ཡིན་པའི་ ཆོན་དི་རུ་གླུ་གཞས་དེ་ ཉམས་ནིའི་གུ་ལྷོད་ཡོདཔ་ཨིན་པས།
ཨིན་རུང་ ན་གཞོན་དག་པ་ཅིག་དང་ ཨམ་སྲུ་རྒས་གཞོན་དག་པ་ཅིག་གིས་ ཆོན་དི་རུ་གླུ་གཞས་དེ་ ཨང་རྒས་དག་པ་ཅིག་ལས་ ལྷབ་སྦྱངས་འབད་དེ་ ཉམས་སྲུང་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
སྡེ་ཚན་གྱི་དམིགས་ཡུལ་དེ་ཡང་ ཕམ་ཚུ་གིས་ སྔོན་གོང་ལས་ར་ རྐྱབ་སྲོལ་ཡོད་པའི་ ལམ་སྲོལ་བཟང་པོ་དེ་ ཉམས་སྲུང་འབད་ནི་དང་ འཕྲོ་མཐུད་དེ་ར་ མ་འོངས་པའི་ན་གཞོན་ཚུ་ལུ་ རྩིས་སྤྲོད་ཐབས་ལུ་དམིགས་ཏེ་ གླུ་གཞས་འཁྲབ་སྟེ་ ལོ་དག་པ་ཅིག་སོང་ཡོདཔ་ཨིན་པས།
ཞབས་ཁྲ་རྐྱབ་མི་ཆུང་ཤོས་ར་ སྐྱེས་ལོ་༢༣ ལང་མི་ ན་གཞོན་རྣམ་རྒྱལ་དབང་མོ་ཨིནམ་ད་ མོ་གིས་འབད་བ་ཅིན་ རྒས་ཤོས་དང་རྒེད་འོག་བདག་སྐྱོང་གིས་ གླུ་གཞས་བདག་འཛིན་དང་ཉམས་སྲུང་འབད་དགོ་སྦེ་ སླབ་པའི་ཤུལ་ལུ་ ལྷབ་སྦྱངས་འབད་ཡི་ཟེར་ཨིན་པས།
སྔོན་མ་ལས་ར་ དར་ཁྱབ་ཡོད་པའི་ལམ་སྲོལ་དེ་ ས་གནས་ཀྱི་མི་ཚུ་གིས་ བདག་འཛིན་མ་འཐབ་བ་ཅིན་ གཞན་མི་གིས་ བདག་འཛིན་མི་འཐབ་ཟེར་ མནོ་བསམ་གཏང་སྟེ་ གླུ་གཞས་ལྷབ་སྦྱངས་འབད་ཡི་ཟེར་ རྣམ་རྒྱལ་དབང་མོ་གིས་བཤད་པའི་ཁར་ གླུ་གཞས་དེ་ གཞན་དང་མ་འདྲཝ་ཡོདཔ་ལས་ གླུ་གཞས་འཁྲབ་ནི་དང་ འཐེན་ནི་ལུ་ སྤྲོ་བ་ཡོད་ཟེར་ཨིན་པས།
ཁོང་རའི་ཁ་སྐད་ལས་ ཆོན་དི་རུ་ཟེར་མི་གླུ་གཞས་དེ་ རྒེད་འོག་ནང་ སྐུ་མགྲོན་ཆེ་འབྲིང་ཆུང་༣ ག་ར་བྱོན་རུང་ ཨམ་སྲུ་ཆ་བསྒྲིགས་ཏེ་ རྐྱབ་དོ་ཡོདཔ་ད་ ལས་རིམ་ག་ཅི་འགོ་འདྲེན་འཐབ་རུང་ གླུ་གཞས་ཀྱི་གྲས་ལས་གཅིག་ ཆོན་དི་རུ་གླུ་གཞས་དེ་ འོངམ་ཨིན་པས།
རྣམ་རྒྱལ་གྱིས་འབད་བཅིན་ ཆོན་དི་རུ་གླུ་གཞས་འཁྲབ་མི་ ན་གཞོན་སྡེ་ཚན་གཅིག་ཡོད་རུང་ ཆ་རོགས་ཚུ་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་འགྱོ་ཚར་ནི་དེ་གིས་ གཅིག་ཁར་འཁྲབ་མ་ཚུགས་རུང་ ད་རེས་ རྒས་ཤོས་ཚུ་དང་གཅིག་ཁར་ མོ་གིས་བཅའ་མར་གཏོགས་ཏེ་ གླུ་གཞས་བདག་འཛིན་འཐབ་དོ་ཟེར་ཨིན་པས།
སྐྱེས་ལོ་༢༣ ལས་༤༥ གི་བར་ན་འབད་མི་ གཞསམོ་ཚུ་གིས་ རྒས་ཤོས་ཚུ་ལས་ གླུ་གཞས་ལྷབ་སྦྱང་འབད་ནི་དེ་ གདོང་ལེན་སྡོད་ཡོད་རུང་ སེམས་དཔའ་མ་ཞུམ་པར་ རྒས་ཤོས་དག་པ་ཅིག་ལས་ལྷབ་སྦྱང་ཚུགས་ནི་དེ་གིས་ དཔའ་ཉམས་བྱུང་སྟེ་འདུག།
སྐྱེས་ལོ་༤༢ ལང་མི་ གཞསམོ་ཀརྨ་བཟང་མོ་གིས་ སླབ་མིའི་ནང་ གཡུས་ཁ་ཞབས་ཁྲ་རྐྱབ་མི་ མང་ཤོས་ར་ ལོ་ན་རྒས་ཏེ་ཡོདཔ་ལས་ རྒས་ཤོས་ཚུ་གིས་ གླུ་གཞས་འཁྲབ་མི་ཚུགས་པས་ཟེར་ཨིན་པས།
མ་འོངས་པ་ལུ་ རྒས་ཤོས་ཚུ་མེད་པའི་བསྒང་ལས་ གླུ་གཞས་ཉམས་འགྱོ་ནི་མས་ཟེར་ མནོ་བསམ་གཏང་སྟེ་ ཨང་རྒས་བསྟན་པ་ཆོས་སྒྲོན་དང་ ཨང་རྒས་ཀབ་ཅི་ དེ་ལས་ ཨང་རྒས་ཆང་ལུ་ཚུ་ལས་ ལྷབ་སྦྱང་འབད་ཡི་ཟེར་ མོ་གིས་བཤད་པའི་ཁར་ ད་ལྟོ་ཚུན་ཚོད་ རྒན་རྒས་དག་པ་ཅིག་གིས་ བདག་འཛིན་འཐབ་སྡོད་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ན་གཞོན་ཚུ་གིས་ གཡུས་ཁར་སྡོད་མི་བཏུབ་དོ་ཡོདཔ་ལས་ གླུ་གཞས་དེ་ ཉམས་འགྱོ་ནིའི་ཉེན་ཁ་ཡོད་རུང་ ལོ་མ་རྒས་ཚུན་ཚོད་ འཕྲོ་མཐུད་དེ་ར་ གླུ་གཞས་འཁྲབ་ནིའི་ མནོ་བསང་བཏང་དོ་ཟེར་ཨིན་པས།
ཆོས་འཁོར་གླིང་རྒེད་འོག་ནང་ ཆོན་དི་རུ་གླུ་གཞས་འཁྲབ་མི་ མཇུག་ཅིག་ཨིན་མི་ ཨང་རྒས་ཆང་ལུ་དང་འཁྲིལ་བ་ཅིན་ གླུ་གཞས་ལུ་བརྟེན་ ཨམ་སྲུ་གིས་བཏགས་མི་རྒྱན་ཆ་ དཔེ་འབད་བ་ཅིན་ སིན་ཅུ་དང་སྐོ་མ་ སྐུ་བཅིང་ ན་བཟའ་ ཐིང་ཁབ་ལ་སོགས་པ་ཚུ་ འགྲེལ་བཤད་རྐྱབ་སྟེ་ གླུ་གཞས་བརྩམས་ཡོདཔ་སྦེ་ བཤད་སྲོལ་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གླུ་གཞས་དེ་ ཨང་རྒས་ཆོན་དི་རུ་གིས་ བརྩམས་པའི་ཤུལ་ལུ་ འགྲོས་ཀྱིས་སྦེ་ གཡུས་ཚན་ནང་ དར་ཁྱབ་སོང་ཡོད་པའི་ལོ་རྒྱུས་ཚུ་ ཁ་རྒྱུན་ལུ་མ་གཏོགས་ ཡིག་ཐོག་ལུ་མིན་འདུག་ཟེར་ཨིན་པས།
ཨང་རྒས་ཆང་ལུ་གིས་ བཤད་མིའི་ནང་ ལོ་ན་རྒས་ནི་དེ་གིས་ འཕྲལ་མགྱོགས་ར་ གླུ་གཞས་རྐྱབ་མི་ཚུགས་ནི་མས་ཟེར་ཨིནམ་ད་ གླུ་གཞས་དེ་ གཡུས་ཚན་དང་འབྲེལ་བ་ཡོད་མི་ ལམ་སྲོལ་ཅིག་ཨིནམ་ལས་ བདག་འཛིན་འཐབ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
སླབ་སྲོལ་ཅིག་ལས་ གླུ་གཞས་དེ་ སྤྲོ་སྟོན་གྱི་ལས་རིམ་ནང་ རྐྱངམ་གཅིག་མེན་པར་ ཞིང་ཁར་ལཱ་འབད་བའི་སྐབས་ལུ་ཡང་ འཐེན་དོ་ཡོད་པའི་ལོ་རྒྱུས་དང་ གཞན་ཡང་ ཁྱིམ་གྱི་རབ་གནས་ལ་སོགས་པ་ཚུ་ རྩིས་སྲུང་འབད་བའི་སྐབས་ལུ་ཡང་ རྐྱབ་སྲོལ་འདུག་ཟེར་ཨིན་པས།
ཧེ་མ་ ཁོང་རྒས་ཤོས་༦ དེ་ཅིག་ གཞསམོ་སྦེ་སྡོད་ཡོད་རུང་ ད་རེས་ ན་གཞོན་དག་པ་ཅིག་བརྩིས་ཏེ་ གླུ་གཞས་འཁྲབ་མི་ཁོང་༨ གུ་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།

གླུ་གཞས་དང་ལེའུ།
གླུ་གཞས་ཀྱི་ཚིག་དང་འཁྲིལ་བ་ཅིན་ ཨ་ཞེ་བསོད་ནམས་ཚོ་ཚོ་ལུ་ བསྟོད་གླུ་སྦེ་བརྩམས་ཡོདཔ་ད་ གླུ་གཞས་ལུ་ ཚིག་རྐང་༡༠ ཡོདཔ་ཨིན་པས།
ཚིག་རྐང་དང་པའི་ནང་ ཨ་ཞེ་ལུ་ མཚན་བརྗོད་དོ་ཡོདཔ་བཞིན་དུ་ དེའི་ཤུལ་ལུ་ སྐུ་གཟུགས་ལུ་བཞེས་མི་རྒྱན་ཆ་ དཔེ་འབད་བ་ཅིན་ སིན་ཅུང་དང་ ན་བཟའ་ ཚོགས་ལྷམ་ ཐིང་ཁབ་ གདོང་ཁེབ་ལ་སོགས་པ་ཚུ་གི་སྐོར་ལས་ འགྲེལ་བཤད་རྐྱབ་སྟེ་ གླུ་གཞས་འཐེནམ་ཨིན་པས།
གླུ་གཞས་ཀྱི་ལེའུ་བསྒྱུར་ཐངས་དེ་ཡང་ གཞུང་སྒྲ་བཟུམ་སྦེ་ གྱལ་སྒྲིག་སྟེ་འཐེན་དོ་ཡོད་རུང་ འགོ་དང་པ་ར་ ཆ་སྒྲིག་ཐོག་ལས་ ལགཔ་གཡསཔ་དང་ རྐངམ་གཡསཔ་འཐུ་སྟེ་ རྐྱབ་ནི་འགོ་བཙུགསཔ་ཨིན་པས།
དེ་ལས་ གླུ་གཞས་ཀྱི་ཚིག་དང་འཁྲིལ་ཏེ་ ཨམ་སྲུ་ཆ་སྒྲིག་ཐོག་ལས་ རྐངམ་གཡསཔ་༢ གཅིག་གིས་གཅིག་ལུ་བརྡུང་སྟེ་རྐྱབ་དོ་ཡོདཔ་བཞིན་དུ་ པད་བསྐོར་ཚར་གཅིག་བསྒྱིར་ཏེ་ ཕྱོགས་སོ་སོར་ལས་ གཅིག་གིས་གཅིག་ལུ་ རྐངམ་༢ བརྡུང་སྟེ་རྐྱབ་དོ་ཡོདཔ་ཨིན་པས།
གླུ་གཞས་ཀྱི་ཚིག་དང་འཁྲིལ་ཏེ་ གླུ་གཞས་ཀྱི་ཚིག་རྐང་༡༠ མཇུག་མ་བསྡུཝ་ཚུན་ཚོད་ ལེའུ་དེ་སྦེ་ར་ རྐྱབ་དོ་ཡོདཔ་ད་ ས་གནས་ཀྱི་རྒན་རྒས་ཚུ་ལུ་ འབྲི་ལྷག་གི་ཤེས་ཡོན་མེད་རུང་ གླུ་གཞས་ཀྱི་ཚིག་ སེམས་ཁར་བཞག་ཐོག་ལས་ འཐེན་དོ་ཡོདཔ་ཨིན་པས།

རྒྱབ་ཁུངས།
ཆོན་དི་རུ་གླུ་གཞས་དེ་ ཆོས་འཁོར་གླིང་རྒེད་འོག་ནང་ གླུ་གཞས་རྙིང་ཤོས་ཅིག་ཨིནམ་ད་ དེའི་སྐོར་ལས་ ཤེས་མི་དེ་ཅིག་ར་མེད་རུང་ ཁ་རྒྱུན་སྦེ་ དར་ཁྱབ་སོང་ཡོད་པའི་ ལོ་རྒྱུས་ཅིག་རྐྱངམ་གཅིག་ཨིན་པས།
བཤད་སྲོལ་ཅིག་ལས་འབད་བ་ཅིན་ གླུ་གཞས་དེ་ བུམ་ཐང་དང་ ཀྲོང་གསར་ལས་ དར་ཁྱབ་སོང་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ དེ་ཡང་ འབྲུག་རྒྱལ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་གི་སྐབས་ལུ་ དར་ཁྱབ་སོང་ཡོད་པའི་ ལོ་རྒྱུས་ཡོདཔ་ཨིན་པས།
གླུ་གཞས་དེ་ ཨ་ཞེ་གི་ གཡོགམོ་ཅིག་གིས་ བརྩམས་ཡོད་པའི་ལོ་རྒྱུས་ཡོདཔ་ད་ དེ་ཡང་ སྲསམོ་གིས་བཏགས་ཡོད་པའི་ རྒྱན་ཆ་ལུ་གཞི་བཞག་སྟེ་ འཐེན་ཡོད་པའི་ལོ་རྒྱུས་ཚུ་ ཁ་རྒྱུན་སྦེ་བཤདཔ་ཨིན་པས།
དེ་ལས་ གླུ་གཞས་དེ་ ཕྱག་ཞུ་མི་ཚུ་གིས་ འཐེན་པའི་ཤུལ་ལུ་ གླུ་གཞས་འཁྲབ་ནི་འགོ་བཙུགས་ཏེ་ བུམ་ཐང་དང་ ཀྲོང་གསར་ལུང་ཕྱོགས་ནང་ དར་ཁྱབ་སོང་ཡོད་པའི་ལོ་རྒྱུས་ཨིན་པས།
ཆོས་འཁོར་གླིང་རྒེད་འོག་དེ་ ཧེ་མ་འབད་བ་ཅིན་ ཀུལ་ཀ་ཊ་ཟེར་སླབ་དོ་ཡོདཔ་ད་ གླུ་གཞས་དེ་ ཧེ་མ་ ཁྲལ་བསྡུ་བར་འོང་མི་ཚུ་གིས་ དར་ཁྱབ་བཏང་ཡོད་པའི་ ལོ་རྒྱུས་བཤདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ གླུ་གཞས་འཁྲབ་ནིའི་ཡུལ་ཅིག་མེདཔ་ལས་ གཡུས་ཁར་ སྤྲོ་སྟོན་གྱི་ལས་རིམ་ ག་ཅི་འགོ་འདྲེན་འཐབ་རུང་ གླུ་གཞས་དེ་ར་ འཐེན་སྲོལ་སྡོད་ནུག་ཟེར་ཨིན་པས།
གླུ་གཞས་དེ་ ཉམས་ཉེན་ཡོདཔ་ལས་ ལོ་དག་པ་ཅིག་གི་ཧེ་མར་ གླུ་གཞས་ཀྱི་ཚིག་དང་ དེའི་སྐོར་ལས་ ལོ་རྒྱུས་དུམ་གྲ་རེ་བཞག་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དམངས་མི་བགྲེསཔ་ འཇིགས་མེད་དངོས་གྲུབ་ཀྱིས་ སླབ་མིའི་ནང་ ལོ་རྒྱུས་ཚུ་ རྒས་ཤོས་ཚུ་གིས་ འདི་དང་དེ་ཨིན་ཟེར་བཞག་སྟེ་མེད་རུང་ ཁ་རྒྱུན་སྦེ་ བཤད་སྲོལ་འདུག་ཟེར་ཨིནམ་ད་ གྲོང་གསེབ་ནང་ རྒས་ཤོས་ཙང་ཙ་ཨིནམ་ལས་ གླུ་གཞས་ཉམས་ཉེན་ཡོདཔ་ལས་ ཚིག་ཚུ་ཡིག་ཐོག་ལུ་ཕབ་སྟེ་ དར་ཁྱབ་བཏང་སྟེ་ཡོད་ཟེར་ཨིན་པས།
གླུ་གཞས་དེ་ ཕོ་སྐྱེས་ཚུ་གིས་འབད་རུང་ འཁྲབ་བཏུབ་ནི་ཨིན་རུང་ ཧེ་མ་ལས་ར་ ཨམ་སྲུ་ཚུ་གིས་ རྐྱབ་སྲོལ་ཡོདཔ་ལས་ ཨམ་སྲུ་ཆ་སྦེ་ རྐྱབ་དགོ་ཟེར་ འཇིགས་མེད་དངོས་གྲུབ་ཀྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། པདྨ་དགའ་འཚལ།

Advertisement