༉ དུས་རབས་ལས་བཅད་དེ་ དར་ཁྱབ་བྱུང་ཡོད་པའི་ འབྲུག་པའི་རང་ལུགས་ཀྱི་ལྷམ་ ཚོགས་ལྷམ་ཟེར་ སླབ་སྲོལ་ཡོད་མི་དེ་ ང་བཅས་རའི་ལམ་སྲོལ་དང་ ངོ་རྟགས་ཅིག་ཨིནམ་བཞིན་དུ་ སྤྱི་ལོ་༡༩༩༠ གོ་གྲངས་ལས་ཕར་ འགྲོས་ཀྱིས་སྦེ་ ཉམས་འགྱོ་དོ་ཡོདཔ་ལས་ མི་གཅིག་གིས་ འདི་བཟུམ་གྱི་ སྔར་སྲོལ་བཟང་པོ་དེ་ ཉམས་སྲུང་འབད་ནིའི་ གོ་སྐབས་ཅིག་སྦེ་ མཐོང་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ སྐྱེས་ལོ་༤༨ ལང་མི་ བྱང་ཆུབ་ལ་དེ་ ཚོགས་ལྷམ་བཙེམ་མིའི་གྲངས་སུ་ གཅིག་ཨིན་པས།
འདས་པའི་ལོ་ངོ་༢༣ དེ་ཅིག་གི་རིང་ ཁོ་རའི་མི་ཚེ་དེ་ སེམས་ཤུགས་དང་བཅས་པའི་སྒོ་ལས་ ཚོགས་ལྷམ་དེ་ བསྐྱར་བཅོས་དང་ དེང་སང་ལམ་ལུགས་ནང་ བསྒྱུར་བཅོས་འབད་ནི་ལུ་ རྩ་འགེངས་ཡོདཔ་ད་ ད་རེས་ནངས་པར་ ཁོ་གིས་ ཐིམ་ཕུག་ཆུ་བར་ཆུ་ལུ་ རང་ལུགས་ཀྱི་ ཚོགས་ལྷམ་ཚུ་ བཟོ་བཀོད་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ རྒྱལ་ཁབ་ནང་ཡོད་པའི་ བཟོ་རིགས་བཅུ་གསུམ་གྱི་ སློབ་གྲྭ་ནང་འཛུལ་ཞུགས་འབད་དེ་ སྡོད་པའི་སྐབས་ལུ་ ང་བཅས་ཀྱི་ སྔར་སྲོལ་བཟང་པོའི་ཚོགས་ལྷམ་དེ་ ཉམས་འགྱོ་དོ་ཡོདཔ་ཤེས་ཏེ་ དེ་ཚུ་ཉམས་གསོ་འབད་ནི་ལུ་ ཁ་སྒྱུར་འབད་ཡོདཔ་ཨིན་པས།
བྱང་ཆུབ་ལ་གིས་ བཤད་མིའི་ནང་ དེ་བསྒང་ ལག་བཟོའི་ཐོག་ལུ་འབད་བའི་ རིག་རྩལ་ཅིག་སྦེ་ སྡོད་ནུག་ཟེར་ཨིནམ་ད་ དེ་ལས་ཚུར་ བློན་པོ་སངས་རྒྱས་དངོས་གྲུབ་ཀྱིས་ སྤ་རོ་ལུ་ཡོད་པའི་ རང་ལུགས་ཀྱི་ལྷམ་བཙེམ་མི་ ཨཔ་དབང་འདུས་དང་གཅིག་ཁར་ ཁོ་ར་ སྦྱོང་བརྡར་འབད་བར་བཏང་ཡི་ཟེར་ཨིན་པས།
སྦྱོང་བརྡར་དེ་ལུ་བརྟེན་ ཁོ་ལྷམ་བཙེམ་ནི་ནང་ སྦྱང་བ་ཚུད་དེ་ཡོདཔ་ད་ འདི་ལས་ཚུར་ ཁོ་གི་མི་ཚེའི་ གཞི་འགྱམ་འགོ་བཙུགས་ཡོདཔ་ལས་ ཁོ་ལུ་ཐོབ་སྟེ་ཡོད་པའི་ རིག་རྩལ་དེ་ལུ་ མནོ་བསམ་ལེགས་ཤོམ་སྦེ་ བཏང་ཐོག་ལས་ རྒྱ་གར་ ནུབ་བེང་གཱལ་ བི་ན་གུ་རི་ལུ་ ལྷམ་བཙེམ་ནིའི་ རིག་རྩལ་གསརཔ་ཚུ་ ལྷབ་སྦྱང་འབད་བར་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༢ ལུ་ བྱང་ཆུབ་ལ་གིས་ རང་ལུགས་ཀྱི་ ལྷམ་བཙེམ་ནིའི་དོན་ལུ་ བཟོ་ཁང་ཅིག་སྒོ་ཕྱེ་བའི་ནམ་དུས་ལུ་ ཁོ་ལུ་ཐོན་ཁུངས་ཚུ་ དེ་ཅིག་ར་མེདཔ་སྦེ་ ཡོདཔ་བཞིན་དུ་ ཧེ་མ་འགོ་བཙུགས་ཀྱི་སྐབས་ལུ་ དུམ་གྲ་ཅིག་ ལཱ་ཁག་བཏང་ཡོདཔ་ད་ ང་བཅས་ལུ་ ལྷམ་བཙེམ་ནི་གི་ འཕྲུལ་ཆས་དག་པ་ཅིག་མ་གཏོགས་མེདཔ་མ་ཚད་ ལྷམ་གྱི་རྒྱུ་ཆས་ཀོཝ་དང་ ལྷམ་གདན་གྱི་རྒྱུ་ཆས་ཚུ་ འཐོབ་ནི་ལུ་ཡང་ ལཱ་ཁག་ཡོད་པའི་ཁར་ གོང་ཚད་ཡང་ སྦོམ་གནསཔ་མས་ཟེར་ཨིན་པས།
འདི་བཟུམ་གྱི་ དཀའ་ངལ་དང་ གདོང་ལེན་ཚུ་ཡོད་དེ་འབད་རུང་ ཁོ་གི་བཟོ་གྲྭ་ཁང་དེ་གིས་ རང་ལུགས་ཀྱི་ བཟོ་བཀོད་ཀྱི་སྤུས་ཚད་ཡོད་པའི་ མིང་གཏམ་ཐོནམ་མ་ཚད་ ཚོང་འབྲེལ་དེ་ཡང་ འགྲོས་ཀྱིས་སྦེ་ ཡར་དྲག་སོང་ཡོདཔ་ཨིན་པས།
ད་རེས་ནངས་པར་ ལྷམ་བཟོ་ཁང་ནང་ ལཱ་འབད་མི་ལས་བྱེདཔ་༡༣ ཡོད་མི་ཚུ་ག་ར་ བཟོ་རིགས་བཅུ་གསུམ་གྱི་ སྤེལ་ཁང་ནང་ལས་ མཇུག་བསྡུ་མི་ཚུ་ཨིནམ་ད་ ཁོང་གི་གྲས་ལས་ ལ་ལུ་ཅིག་ བྱང་ཆུབ་ལ་ ཁོ་ར་གིས་ སྦྱོང་བརྡར་ཚུ་བྱིན་ཡོདཔ་ད་ ལག་བཟོའི་ལཱ་འབད་ནི་དེ་གིས་ བཟོ་རིག་དེ་ མ་འོངས་པའི་མི་རབས་དོན་ལུ་ ཉམས་སྲུང་འབད་ཚུགས་པའི་ ཐབས་བྱུས་ཅིག་ཡང་ཨིན་པས།
ཚོང་འབྲེལ་དེ་ བཟའ་ཚང་གིས་ མཐའ་སྐྱོང་འབད་དོ་ཡོདཔ་ད་ ཁོ་རའི་གནས་ཚང་ འཕྲིན་ལས་དབང་མོ་གིས་ ཚོང་འབྲེལ་ནང་ ལྷན་ཐབས་ཚུ་འབད་བའི་ཁར་ མོ་གི་རྒྱབ་སྐྱོར་ལུ་བརྟེན་ ཚོང་འབྲེལ་ནང་ ཕན་ཐོགས་སྦོམ་ར་ བྱུང་ཡོདཔ་ཨིན་པས།
བཟོ་གྲྭ་ཁང་དེ་གིས་ ཐོན་སྐྱེད་ཚུ་ དུས་སྟོན་བརྩི་སྲུང་དང་ འགོ་དཔོན་ཚུ་གི་དོན་ལུ་ བཟོ་བཀོད་འབད་དོ་ཡོདཔ་ད་ གཞན་ཡང་ སློབ་གྲྭའི་ལྷམ་དང་ འཚེམ་འདྲུ་འཐུ་མིའི་ལྷམ་ དེ་ལས་ བདེ་སྲུང་བཟུམ་ཅིག་ནང་འབད་བ་ཅིན་ མིང་རྟགས་སྦྱར་ཏེ་ བཟོ་བཀོད་འབད་བའི་ ཐོན་སྐྱེད་ཚུ་ཡོདཔ་ཨིན་པས།
རང་ལུགས་ཀྱི་ སྔར་སྲོལ་བཟང་པོ་ལུ་ བརྩི་བཀུར་སྦོམ་ཡོད་དེ་འབད་རུང་ བྱང་ཆུབ་ལ་གིས་ གསར་གཏོད་ལུ་ཡང་ འཚེར་སྣང་མེདཔ་ད་ སྤྱི་ལོ་༢༠༠༨ ལུ་ ཁོ་གིས་ ཚོགས་ལྷམ་ཕྱེད་ཀ་འབད་མི་ གསར་གཏོད་འབད་བའི་ཁར་ དེང་སང་གི་ལུགས་སྲོལ་སྦེ་ ལྷམ་རྟིངམ་རིངམོ་འབད་མི་ དེ་ལས་ ཚོང་མགྲོན་པ་ཚུ་ལུ་ སྤྲོ་བ་བྱུང་ཐབས་ལུ་ བཟོ་བཀོད་མ་འདྲཝ་ཚུ་ བཟོ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཚོགས་ལྷམ་དེ་ སྤྱིར་བཏང་གི་ ལྷམ་ཚུ་བཟུམ་སྦེ་ར་ བཙུགསཔ་ད་ལུ་ བདེ་ཏོག་ཏོ་ཡོདཔ་བཟོ་ནི་དེ་ཨིནམ་ལས་ ཁོང་གིས་ ཐབས་བྱུས་ཚུ་བཏོན་ཡི་ཟེར་ ཁོ་གིས་བཤདཔ་ཨིན་པས།
འདི་བཟུམ་གྱི་ ཐབས་བྱུས་གསརཔ་དང་ རྒྱུ་ཆས་ཚུ་གི་དོན་ལུ་ བྱང་ཆུབ་ལ་གིས་ ཐའེ་ལེནཌ་དང་ ལྡི་ལི་ དེ་ལས་ ཌེན་མག་ཚུ་ནང་ ལྟ་སྐོར་སོང་ཡོདཔ་ད་ ཁོ་གིས་ བཟོ་བཀོད་འབད་མི་ མཁོ་ཆས་ཚུ་ སྤྱི་ལོ་༢༠༡༩ ལུ་ ཌེན་མག་གི་འགྲེམས་སྟོན་ནང་ གསལ་སྟོན་འབད་དེ་ འབྲུག་གི་སྔར་སྲོལ་ཚུ་ རྒྱལ་སྤྱིའི་ནང་ ངོས་ལེན་འབད་ཐབས་ཚུ་ འབད་ཡོདཔ་ཨིན་པས།
ཧེ་མ་ འགོ་བཙུགས་པའི་སྐབས་ལུ་ ལྷམ་བཙེམ་ནི་གི་ལཱ་ཚུ་ག་ར་ ལག་ལཐོག་ལུ་འབད་དགོཔ་ལས་ ཉིནམ་༡ ནང་ ལྷམ་༣ བཙེམས་ཚུགས་མི་དེ་ དྲག་ཤོས་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།
ད་རེས་ནངས་པར་ བཟུམ་ཅིག་འབད་བ་ཅིན་ འཕྲུལ་ཆས་ཚུ་ཡར་རྒྱས་སོང་མི་དང་བསྟུན་ ཉིནམ་༡ ནང་ ལྷམ་ཆ་༢༠ དེ་རེ་ འཇམ་ཏོང་ཏོ་སྦེ་ བཙེམ་ཚུགས་པས་ཟེར་ཨིན་པས།
ད་རེས་ནངས་པར་ སྤུས་ཚད་ཅན་གྱི་ རྒྱུ་ཆས་འཐོབ་ནི་དེ་ དུམ་གྲ་ཅིག་ ལཱ་ཁག་འདུག་ཟེར་ཨིནམ་ད་ གཞན་ཡང་ ལྷམ་ལེ་ཤ་ཅིག་ར་ ཐོན་སྐྱེད་འབད་དོ་ཡོད་མི་གིས་ ཚོང་འབྲེལ་ནང་ དུམ་གྲ་ཅིག་ ལག་བཟོའི་ལྷམ་ཚུ་ བཙོང་ནི་ལུ་ཐོ་ཕོག་ནི་མས་ཟེར་ ཨིནམ་བཞིན་དུ་ ད་རུང་ ཚོང་མགྲོན་པ་ཚུ་གིས་ མཁོ་འདོད་མ་འདྲཝ་བཀོད་མི་དེ་ཡང་ གདོང་ལེན་ཅིག་ཨིན་མས་ཟེར་ཨིན་པས།
ཨིན་རུང་ བྱང་ཆུབ་ལ་གིས་ འགྱུར་བ་མེད་པར་སྡོད་མི་དེ་ཡང་ ཚོགས་ལྷམ་དེ་ རང་གི་ངོ་རྟགས་ཅིག་ཨིནམ་མ་ཚད་ རང་ལུ་འོས་ཁུངས་ལྡན་པའི་ མཁོ་ཆས་ཐོན་སྐྱེད་ཅིག་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རག་ལུགས་ཀྱི་ ལྷམ་བཟོ་གྲྭ་ཁང་དེ་ནང་ དེང་སང་གི་ལམ་ལུགས་ཐོག་ལུ་འབདཝ་ད་ དང་ཕུ་གི་སྲོལ་ཁྱུན་མ་ཉམས་པར་ ག་དེ་སྦེ་ བཞག་ཚུགས་ག་ཟེར་བའི་ འགན་ཁུ་་འབག་དགོ་མི་དེ་ཡང་ ངོ་རྟགས་དེ་ རང་ལུགས་མེད་ཐབས་མེདཔ་ཅིག་ འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ངེ་གི་ དམིགས་ཡུལ་དང་ འཆར་སྣང་དེ་ གཞན་དང་མ་འདྲཝ་སྦེ་ ཡོད་མི་དེ་ ཚོགས་ལྷམ་ཆ་རེ་གུ་ལུ་ རྒྱལ་ཁབ་ཀྱི་ ངོ་རྟགས་ཚུ་ གནས་བཞིན་དུ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།