༉ རི་དྭགས་སེམས་ཅན་སྤྱ་ཚུ་གིས་ མི་གི་བཟའ་འཐུང་ཚུ་ལུ་བརྟེན་སྡོད་པའི་ གནད་དོན་ཡར་འཕར་སོང་མི་དེ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
སྤྱ་ཚུ་གིས་ འཁོར་ལམ་བདའ་སྟེ་ སྒུག་སྡོད་ནི་དང་ ཚོང་ཁང་ཚུ་ལུ་ གནོདཔ་བཀལ་ནི་ དེ་ལས་ མི་ཚུ་གིས་ བཟའ་ནི་མ་བྱིན་པའི་བསྒང་ལས་ སྣུམ་འཁོར་གྱི་སྒོ་གུ་ སྡེའུ་བཞར་ནི་ འགོ་བཙུགསཔ་ཨིན་པས།
དུས་ཅི་ སྤྱ་༡༠ གྱིས་ ཀྲོང་གསར་རྫོང་གི་ བིའུ་པོ་འེནཊ་ཟ་ཁང་ནང་ གནོདཔ་བཀལ་ཡོདཔ་བཞིན་དུ་ སྤྱ་ཚུ་གིས་ ཚེོང་ཆས་ཚུ་ གཏོར་བཏང་པའི་ཁར་ ཤིང་འབྲས་ཀྱི་ཁུ་བ་ཚུ་ འཐུང་ནི་དང་ ཁ་ཟས་ལག་ཟས་ཚུ་བཟའ་སྟེ་ ལ་ལོ་ཅིག་ ག་ལྷོད་བཀོག་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱ་ཚུ་གིས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་བར་ནའི་ གཞུང་ལམ་བདའ་སྟེ་ ཆུ་འཛོམས་ལུ་ ཚོང་ཁང་ཚུ་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ད་ ནགས་ཚལ་དང་རང་བཞིན་ཉམས་སྲུང་བཅའ་ཁྲིམས་༢༠༢༣ ཅན་མའི་ དོན་ཚན་༡༨༧ ཅན་མ་དང་འཁྲིལ་བ་ཅིན་ རི་དྭགས་སེམས་ཅན་ཚུ་ལུ་ བཟའ་འཐུང་གི་རིགས་ཚུ་བྱིན་པ་ཅིན་ ཁྲིམས་འགལ་ཨིན་ཟེར་ཨིན་པས།
དོན་ཚན་དང་འཁྲིལཝ་ད་ མི་ངོམ་གང་རུང་གིས་ མཐའ་བསྐོར་ཏེ་བཞག་མི་ རི་དྭགས་སྲོག་ཆགས་དང་ ཚན་རིག་ཞིབ་འཚོལ་གྱི་དོན་ལུ་ཨིན་ན་མ་གཏོགས་ རི་དྭགས་སེམས་ཅན་ཚུ་ལུ་ བཟའ་འཐུང་བྱིན་ནི་དེ་ བཅའ་ཁྲིམས་འདིའི་འོག་ལུ་ གནོད་འགལ་ཨིནམ་ལས་བརྟེན་ བཅའ་ཡིག་ནང་ ཆེད་དུ་བཀོད་པའི་ ཉེས་ཆད་ཕོག་ཟེར་ཨིན་པས།
ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྤྱ་དང་ ཡང་ཅིན་ རི་དྭགས་སེམས་ཅན་ཚུ་ལུ་ བཟའ་འཐུང་གི་རིགས་བྱིན་པ་ཅིན་ མི་གི་བཟའ་འཐུང་ལུ་ ལང་ཤོར་ཚུད་དེ་ རང་བཞིན་བྱ་སྤྱོད་ལུ་བར་ཆད་དང་ རང་བཞིན་གྱི་བཟའ་འཐུང་ཚུ་ འཚོལ་ཞིབ་འབད་ནི་ལུ་ སྣང་མེད་འགྱོ་ནི་ཨིན་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཀྲོང་གསར་ བིའུ་པོ་འེནཊི་ལུ་ ཚོང་ཁང་༡ ལུ་ གནོད་སྐྱོན་རྐྱབ་མི་དེ་ མི་ཚུ་གིས་ བཟའ་འཐུང་རིགས་ཚུ་ བྱིན་ཡོད་པའི་ གནད་ཁུངས་ཅིག་ཨིནམ་ད་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ ཆོས་ཕྱོགས་ལས་སྣ་ཚུ་ འགོ་འདྲེན་འཐབ་པའི་ཤུལ་ལས་ ལྷག་ལུས་ཚུ་ སྤྱ་ཚུ་ལུ་བྱིན་མི་ལུ་བརྟེན་ མི་གི་བཞེས་སྒོ་ལུ་ ཤུམ་ཚུད་སོ་ནུག་ཟེར་ཨིན་པས།
བྱ་སྤྱོད་དེ་གིས་ མི་དང་སྤྱ་གི་བར་ན་ འབྲེལ་བ་འཐབ་མི་དེ་ ཡར་སེང་སོང་སྟེ་ བྲེལ་ཟིང་འབྱུང་ནིའི་ ཉེན་ཁ་ཡོདཔ་ད་ སེམས་ཅན་ཚུ་ལུ་ མིའི་བཟའ་འཐུང་ཚུ་ བྱིན་མི་བཏུབ་ནི་ཨིནམ་ད་ གལ་སྲིད་ རི་དྭགས་སེམས་ཅན་ཚུ་ བཞེས་སྒོ་ལུ་ ཤུམ་ཚུགས་སོ་པ་ཅིན་ ཁོང་རའི་བྱ་སྤྱོད་གྱུར་ཏེ་ མི་སྡོད་སའི་ ས་ཁོངས་ཚུ་ནང་ འོང་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
སྤྱ་ཚུ་གིས་ སྙིང་སྟོབས་ཅན་དང་ དྲག་སྤྱོད་འབད་དེ་ མི་དང་ སེམས་ཅན་གྱི་བར་ན་ སྟབས་མ་བདེཝ་ ཡར་སེང་སོང་སྟེ་ མི་དང་སེམས་ཅན་༢ ཆ་ར་ ཉེན་ཁ་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གཞུང་ལམ་བདའ་སྟེ་ རི་དྭགས་སེམས་ཅན་ཚུ་ལུ་ བཟའ་འཐུང་གི་རིགས་ཚུ་ བྱིན་མ་ཆོགཔ་སྦེ་ བརྡ་སྦྱང་ཚུ་ སྦྱར་ཏེ་ཡོདཔ་ད་ ཀྲོང་གསར་གྱི་ གཞུང་ལམ་བདའ་སྟེ་ བརྡ་བྱང་སྦྱར་མི་དང་འཁྲིལ་བ་ཅིན་ རི་དྭགས་སེམས་ཅན་ཚུ་ལུ་ བཟའ་འཐུང་གི་རིགས་ཚུ་ བྱིན་ནི་ལས་ འཛེམ་དགོཔ་ཨིན་པས།
སེམས་ཅན་ཚུ་ལུ་ བྱམས་དང་སྙིང་རྗེ་བསྐྱེད་མི་དེ་གིས་ སེམས་ཅན་ཚུ་གི་ འཕྲོད་བསྟེན་དང་ གོམས་གཤིས་ལུ་ གནོད་དོ་ཡོདཔ་ད་ སེམས་ཅན་ཚུ་ལུ་ བཟ་འཐུང་གི་རིགས་བྱིན་པ་ཅིན་ ནགས་ཚལ་དང་ རང་བཞིན་ཉམས་སྲུང་བཅའ་ཁྲིམས་འོག་ལུ་ ཉེས་ཆད་ཕོགཔ་ཨིན་ཟེར་བཀོད་ནུག།
ཨིན་རུང་ རྒྱུན་འགྲུན་འཐབ་མི་ཚུ་གིས་ སྤྱ་ཡོད་ས་ལས་ཕར་ ཁ་ཟས་དང་ ཤིང་འབྲས་ཀྱི་ཁུ་བ་ དེ་ལས་ བཟའ་འཐུང་གི་རིགས་ཚུ་ སྣུམ་འཁོར་ནང་ལས་ བཀོག་སར་མཐོང་དོ་ཡོདཔ་ད་ སྤྱ་ཚུ་གིས་ བཟའ་འཐུང་གི་རིགས་ཚུ་ འཇམ་ཏོང་ཏོ་སྦེ་ ཁ་ཕྱེས་ཏེ་ བཟའ་ཤེས་དོ་ཡོདཔ་ཨིན་པས།
མི་མང་སྐྱེལ་འདྲེན་བཱསི་གི་ དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ སྟབས་མ་བདེཝ་ཚུ་འབྱུང་ནི་ཨིནམ་ མ་ཤེསཔ་ལས་ སྤྱ་ཚུ་ལུ་ བཟའ་འཐུང་གི་རིགས་ཚུ་བྱིན་པ་ཅིན་ ལེགས་ཤོམ་ཨིནམ་སྦེ་ ཡིད་ཆེས་བསྐྱེད་མི་ལུ་བརྟེན་ བཟའ་འཐུང་གི་རིགས་ཚུ་ འཕྲལ་འཕྲལ་ར་ བྱིན་དོ་ཟེར་ཨིན་པས།
ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ནགས་ཚལ་ནང་ལས་ཕར་ བཟའ་འཐུང་རིགས་ཚུ མ་ཐོབ་ནི་དེ་གིས་ མི་ཚུ་ལས་ལེན་མི་དེ་ གོ་བ་བརྡ་ལོག་སོང་ཡོདཔ་ད་ སྤྱ་བཟུམ་མའི་ སེམས་ཅན་ཚུ་གིས་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་མི་བཞེས་སྒོ་ཚུ་ བཟའ་ནིའི་གོ་སྐབས་ལེན་འོང་ཟེར་ཨིན་པས།
མི་ཚུ་གིས་བྱིན་མི་ བཟའ་འཐུང་གི་རིགས་ཚུ་ལུ་ ལང་ཤོར་ཐལ་བ་ཅིན་ མི་ཚུ་དང་གཅིག་ཁར་ སྡོད་ནི་གི་ཨིནམ་ད་ ཞིབ་འཚོལ་ཅིག་དང་འཁྲིལ་བ་ཅིན་ སེམས་ཅན་འཁྱམས་ས་ལུ་ བར་ཆད་རྐྱབ་རུང་ མི་ཚུ་གིས་ བར་ཆད་མ་རྐྱབ་པའི་ ས་གོ་ཚུ་ལས་ སྤྱ་ཚུ་གིས་ བཟའ་འཐུང་ཚུ་ ལངམ་སྦེ་འཐོབ་ཚུགས་ནི་ཨིནམ་ད་ སྤྱ་ཚུ་གིས་ མི་སྡོད་སར་འོང་མི་དེ་ཡང་ བཟའ་འཐུང་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྤྱ་འཁྱམས་སྡོད་ས་ཚུ་ བར་ཆད་རྐྱབ་མི་གི་ དཀའ་ངལ་སེལ་ཐབས་འབད་ནི་དེ་ རི་དྭགས་སེམས་ཅན་ཚུ་ལུ་ བཟའ་འཐུང་གི་རིགས་ཚུ་ བྱིན་མི་ཆོག་ནི་ཨིན་རུང་ རང་བཞིན་གྱི་སྡོད་ས་ཚུ་ ཉམས་སྲུང་དང་ ལེགས་ཤོམ་སྦེ་ བཞག་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཐབས་ལམ་དེ་གིས་ རི་དྭགས་སེམས་ཅན་ཚུ་གི་ མི་རློབས་ཀྱི་ཞི་བདེ་ལུ་ རྒྱབ་སྐྱོར་དང་ སྐྱེ་ལྡན་གནས་སྟངས་ཚད་ལྡན་བཞག་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སེམས་ཅན་ཚུ་ལུ་ བཟའ་འཐུང་བྱིན་པའི་སྐབས་ ཁོང་གི་འཕྲོད་བསྟེན་ལུ་ གནད་དོ་ཡོད་མི་དེ་ཡང་ མི་གི་བཟའ་འཐུང་ཚུ་ནང་ སེམས་ཅན་ཚུ་ལུ་དགོ་པའི་ ཟས་བཅུད་མེད་མི་ལུ་བརྟེན་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སེམས་ཅན་ཚུ་ལུ་ བཟའ་འཐུང་བྱིན་པའི་སྐབས་ མི་དང་ སེམས་ཅན་བར་ན་ ནད་གཞི་ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་ཡང་ སྦོམ་ཡོདཔ་ད་ སེམས་ཅན་ཚུ་ལུ་ བཟའ་འཐུང་གི་རིགས་བྱིན་མི་ ཡར་སེང་སོང་ཡོདཔ་ལས ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ཡང་ མང་རབས་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གོ་བ་བརྡ་སྤྲོད་ལས་རིམ་གྱི་ཤུལ་ལས་ ལས་ཁུངས་ཀྱིས་ ནགས་ཚལ་དང་རང་བཞིན་ཉམས་སྲུང་བཅའ་ཁྲིམས་༢༠༢༣ ཅན་མའི་ འབྲེལ་ཡོད་ལས་སྡེ་ཚུ་དང་འཁྲིལ་ཏེ་ དམ་དམ་སྦེ་ར་ དང་ལེན་འབད་ནི་ འགོ་བཙུགས་འོང་ཟེར་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement