༉ ཐིམ་ཕུག་ཁྲོམ་སྡེ་གིས་ ཐབ་ཚང་ནང་ལས་ཐོན་པའི་ ཕྱགས་སྙིགས་བཀོག་སའི་ ས་གོ་ཅིག་བཟོ་དོ་ཡོདཔ་ལས་ ཕྱགས་སྙིགས་བཀོག་ས་ལུ་ འབག་འོང་མིའི་ཚད་གཞི་མར་ཕབ་དང་ མཐའ་འཁོར་ཉེན་སྲུང་ དེ་ལས་ རང་བཞིན་གྱི་ མལ་ལུད་བཟོ་ནིའི་ འོས་འབབ་སྦོམ་ཡོདཔ་ཨིན་པས།
ཁྲོམ་སྡེ་གིས་ ད་རེས་ མེ་མེ་ལ་ཁའི་ ཕྱགས་སྙིགས་བཀོག་ས་ལུ་ དེང་སང་འཕྲུལ་རིག་ཐོག་ལས་ ཕྱགས་སྙིགས་བཀོག་ས་ཅིག་ རྐྱབ་པའི་བསྒང་ཡོདཔ་ལས་ སང་ཕོད་ སྤྱི་ཟླ་༣ པ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་པས།
རྒྱལ་ཁབ་ནང་ ཕྱགས་སྙིགས་ཕྱེད་ཀ་དེ་ཅིག་ བཟའ་ཆས་ལས་ཐོན་མི་ ཕྱགས་སྙིགས་ཚུ་ཨིནམ་ད་ ཕྱགས་སྙིགས་མང་ཤོས་ཅིག་ར་ ཕྱགས་སྙིགས་བཀོག་སའི་ས་ཁོངས་ནང་ བཀོག་དོ་ཡོདཔ་ལས་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་པས།
ཐིམ་ཕུག་བཟུམ་མའི་ ཁྲོམ་ཚོགས་ལྟེ་བ་ཚུ་ནང་ རུལ་བཏུབ་པའི་ཕྱགས་སྙིགས་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ གདོང་ལེན་ཅན་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།
གྲོང་གསེབ་ཀྱི་ མི་ཚུ་གིས་ བཟའ་ཆས་ཀྱི་ཕྱགས་སྙིགས་ཚུ་ འཕྲལ་འཕྲལ་ར་ མལ་ལུད་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ཁྲོམ་ཁར་འབད་བ་ཅིན་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་སར་ བཀོག་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རེའི་ཀལ་དང་ ཨོ་རྒྱན་ཚོང་སྒྱུར་༢ ཀྱིས་ བརྟག་ཞིབ་འབད་མི་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཉིན་བསྟར་བཞིན་དུ་ ཐིམ་ཕུག་ལུ་ ཕྱགས་སྙིགས་ཀེ་ཇི་༤༠༠ དེ་རེ་ ཐོན་སྐྱེད་འབད་དོ་ཡོདཔ་ད་ དེ་ཚུ་གི་གྲས་ལས་ ཕྱེད་ཀ་ལྷགཔ་ཅིག་ བཟའ་ཆས་དང་འབྲེལ་བའི་ ཕྱགས་སྙིགས་ཚུ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཕྱགས་སྙིགས་ཐོ་བཀོད་བརྟག་ཞིབ་༢༠༡༩ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ ཕྱགས་སྙིགས་ཡོངས་བསྡོམས་ལས་བརྒྱ་ཆ་༥༠ བཟའ་ཆས་ལས་ཐོན་པའི་ ཕྱགས་སྙིགས་ཚུ་ཨིན་པས།
ཕྱགས་སྙིགས་བཞག་ས་ལུ་ རུལ་བཏུབ་པའི་ ཕྱགས་སྙིགས་ཚུ་ནང་ རླུང་མ་མེད་པར་ རུལ་འགྱོ་བའི་སྐབས་ རྫས་སྦྱོར་རྫས་རླངས་(མེ་ཐིན་) ཐོན་དོ་ཡོདཔ་ད་ དེ་གིས་ འཛམ་གླིང་ནང་ ནང་རླུང་བརྒྱ་ཆ་༨ དེ་ཅིག་ ཕན་འདེབས་འབད་དོ་ ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེའི་ མཐའ་འཁོར་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ནང་ ཕྱགས་སྙིགས་ལུད་ འགྱོ་མི་ཚུ་ མར་ཕབ་འབད་དེ་ སའི་འཕྲོད་བསྟེན་ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེང་སང་གི་ ཕྱགས་སྙིགས་འཛིན་སྐྱོང་གི་ འཕྲུལ་ཁང་རྐྱབ་ནི་ ལས་འགུལ་དེ་ ད་རེས་ འགོ་བཙུགས་པའི་བསྒང་ཡོད་མི་དེ་ མཇུག་བསྡུ་ཞིནམ་ལས་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ ཞབས་ཏོག་བྱིན་མི་ མི་ངོམ་༢ ལུ་ རྩིས་སྤྲོད་འབད་འོང་ཟེར་ཨིན་པས།
རུལ་བཏུབ་པའི་ཕྱགས་སྙིགས་ཚུ་ རང་བཞིན་གྱི་མལ་ལུད་བཟོ་མི་གིས་ འབྲུག་པའི་སོ་ནམ་པ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་མི་དེ་ཡང་ ནང་འདྲེན་འབད་མི་ རྗས་སྦྱོར་གྱི་ མལ་ལུད་ལུ་བརྟེན་སྡོད་མི་མར་ཕབ་དང་ རང་བཞིན་གྱི་མལ་ལུད་མ་ལང་པའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༢༣-༣༠ ལུ་ རྒྱལ་ཡོངས་མལ་ལུད་ཐབས་བྱུས་དང་ དང་ལེན་འཆར་གཞི་དང་འཁྲིལཝ་ད་ འབྲུག་གིས་ ལོ་བསྟར་ རྗས་སྦྱོར་མལ་ལུད་ མེ་ཊིག་ཊཱོན་༣,༥༠༠ དེ་ཅིག་ ནང་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ བཟའ་སྤྱོད་འབད་བའི་ ས་ཆ་ཧེག་ཊར་རེ་ལུ་ སྤྱིར་སྙོམས་ལུ་ ཀེ་ཇི་༡༣.༤༡ དེ་ཅིག་ ལག་ལེན་འཐབ་དོ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ ལོ་བསྟར་གྱི་ མལ་ལུད་ཊཱོན་༣,༢༠༠ ཐོན་སྐྱེད་འབད་མི་ལས་ སྤྱི་ལོ་༢༠༣༠ ལུ་ ཊཱོན་༡༥,༢༦༠ ལུ་ཡར་སེང་འབད་ནི་གི་ འཆར་གཞི་ཡོད་མི་འབདཝ་ད་ ལོ་བསྟར་ ལུད་ཐོན་སྐྱེད་བརྒྱ་ཆ་༢༥ དེ་རེ་ ཡར་སེང་འབད་ནི་ཨིན་པས།
སྤྱི་ལོ་༢༠༢༡ ལུ་ བཟའ་འཐུང་ཉེན་སྲུང་གི་ ནག་རླུང་ཉུང་བའི་གོང་འཕེལ་ཐབས་བྱུས་ནང་ཡང་ རྫས་སྦྱོར་གྱི་མལ་ལུད་ ལག་ལེན་འཐབ་མི་དེ་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༥ དེ་ཅིག་ མར་ཕབ་འབད་ནི་གི་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་མཐའ་འཁོར་ལས་རིམ་གྱི་འོག་ལུ་ ཇ་པཱན་ལུ་ཡོད་པའི་ འཛམ་གླིང་མཐའ་འཁོར་ཐབས་བྱུས་གཙུག་སྡེ་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ དངུལ་ཀྲམ་ས་ཡ་༢ དེ་ཅིག་གནས་པའི་ ཕྱགས་སྙིགས་བཀོག་ས་གསརཔ་ཅིག་ རྐྱབ་ནིའི་ལས་འཆར་ཡོདཔ་ཨིན་པས།
ལས་འགུལ་གསརཔ་དེ་ ཏ་ཀ་ཀུ་ར་ ཕྱགས་སྙིགས་བཀོག་ས་ལམ་ལུགས་ཐོག་ལས་ ལག་ལེན་འཐབ་ནི་ཨིནམ་ད་ ལམ་ལུགས་དེ་ སྐྱེ་ལྡན་གནས་སྟངས་དང་མཐུན་པའི་ ཐབས་ལམ་ཅིག་ཨིན་པས།
རང་བཞིན་གྱི་མལ་ལུད་དེ་ ཕྲ་འབུབ་དང་ ཐབ་ཚང་ནང་གི་ཕྱགས་སྙིགས་ དེ་ལས་ རྩྭ་གི་ཐལཝ་ཚུ་ ལག་ལེན་འཐབ་ཐོག་ལས་ བཟོ་དོ་ཡོདཔ་ལས་ ལྡུམ་ར་དང་ ས་གཞི་མཐོ་དྲགས་བཟོ་ནི་ལུ་ ཁེ་ཕན་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཐིམ་ཕུག་ལུ་ རུལ་བཏུབ་པའི་ ཕྱགས་སྙིགས་བཀོག་ས་ ལེགས་ཤོམ་ཅིག་མེདཔ་ལས་ སྤྱི་ལོ་༡༩༩༣ ལུ་ གཞི་བཙུགས་འབད་མི་ མེ་མེ་ལ་ཁའི་ ཕྱགས་སྙིགས་བཀོག་ས་ལུ་ བཀོག་དོ་ཡོདཔ་ཨིན་པས།
མེ་མེ་ལ་ཁའི་ ཕྱགས་སྙིགས་བཀོག་ས་ལུ་ ཚེ་ཚད་དེ་ ལོ་༡༠ ལས་བརྒལ་མེད་རུང་ ད་རེས་ ནུས་ཚད་ལས་བརྒལ་ཏེ་ ལོ་བཅུ་ཕྲག་བཅད་དེ་ ལག་ལེན་འཐབ་བཞིན་ ཡོདཔ་ཨིན་པས།
གནད་དོན་དེ་ སེལ་ཐབས་ལུ་ ཐིམ་ཕུག་བར་སྦིས་ས་ བཙོག་ཆུ་འཕྲུལ་ཁང་ནང་ གཏང་ནིའི་དོན་ལུ་ ཆུ་དུང་བཙུགས་ནིའི་ཐབས་ཤེས་ཚུ་ བཏོན་དོ་ཡོད་རུང་ མལ་ལུད་བཟུམ་སྦེ་ ཡུན་བརྟན་ཕྱགས་སྙིགས་འཛིན་སྐྱོང་ཅིག་ དགོས་མཁོ་ཡོདཔ་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་གི་ གདོང་ལེན་དང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ཚུ་ལུ་ སེམས་ཤུགས་བྱིན་ཐབས་ལུ་ སྒེར་གྱི་ལས་སྡེ་ གི་རི་ནར་ཝེ་གིས་ དུས་ཅི་ སྤྱི་ཟླ་༨ པའི་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་ལྟེ་བ་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ལས་རིམ་དེ་གིས་ ཕྱགས་སྙིགས་སྐམ་དང་ རུལ་བཏུབ་པའི་ ཕྱགས་སྙིགས་༢ ཆ་ར་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འབྲུག་ཕྱགས་སྙིགས་བསྡུ་བསྒྱོམ་ལྟེ་བ་ གཞི་བཙུགས་མ་འབད་བའི་ཧེ་མར་ ཐིམ་ཕུག་ཁྲོམ་སྡེ་གིས་ ཟླ་རིམ་བཞིན་དུ་ སྤྱིར་སྙོམས་ལུ་ ཕྱགས་སྙིགས་སྐམ་ ཊཱོན་༩༢༦ དང་ རུལ་བཏུབ་པའི་ཕྱགས་སྙིགས་ ཊཱོན་༧༩༤ དེ་ཅིག་ བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པས།
ཕྱགས་སྙིགས་བཀོག་སའི་ ས་ཁོངས་༩ བརྒྱུད་དེ་ ཕྱགས་སྙིགས་བསྡུ་ལེན་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༣༤ ཟླ་༧ པའི་ནང་ ཕྱགས་སྙིགས་སྐམ་ཊཱོན་༨༤༡ དང་ རུལ་བཏུབ་པའི་ ཕྱགས་སྙིགས་ཊཱོན་༧༨༦ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ནང་འཁོད་ལུ་ ཕྱགས་སྙིགས་སྐམ་ ཊཱོན་༦༦༨ དང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་༦༨༠ ལུ་ མར་བབས་སོང་ཡོདཔ་མ་ཚད་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ནང་ ཉིན་བསྟར་ ཕྱགས་སྙིགས་བཀོག་མི་ཡང་ སྤྱི་ཟླ་༧ པའི་ནང་འཁོད་ལུ་ ཊཱོན་༥༢.༥ ལས་ སྤྱི་ཟླ་༨ པའི་ནང་ ཊཱོན་༤༣.༥ ལུ་ མར་བབས་སོང་ཡོད་པའི་གནས་ཚུལ།

བཅོ་ལྔ་ལྷམོ།

Advertisement