༉ བསམ་རྩེ་དང་ བ་ནར་ཧཱཏ་ས་མཚམས་ཀྱི་ ཀི་ལོ་མི་ཊར་༡༦ འབད་མི་ རེ་ལིའི་རྒྱུན་ལམ་དེ་ བཟོ་སྐྲུན་གྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ད་ བསམ་རྩེ་ལུ་ཡོད་པའི་ཚོང་པ་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ རེ་ལིའི་རྒྱུན་ལམ་དེ་ལུ་བརྟེན་ ས་གནས་ཀྱི་དཔལ་འབྱོར་ མ་འདྲཝ་ཅིག་སྦེ་ར་ བསྒྱུར་བཅོས་འགྱོ་ནི་མས་ཟེར་ཨིན་པས།
འཕྲལ་ཁམས་ཀྱི་ ཞིབ་འཇུག་འབད་མིའི་ནང་ དམ་དུམ་བཟོ་གྲྭ་གླིང་གའི་ནང་ ས་ཆ་ཨེ་ཀར་༣༠ ཡོད་མི་ལས་ ཨེ་ཀར་༢༥ པོ་དེ་ དབྱེ་སྡེ་ཀ་པ་དང་ ཨེ་ཀར་༥ དེ་ དབྱེ་སྡེ་ག་པའི་ནང་སྦེ་ མཇུག་གི་ས་ཁོངས་ བཀྲིས་ཆོས་གླིང་དང་ ཕུན་ཚོགས་གླིང་གཞུང་ལམ་ཚུ་ནང་ལས་ཕར་ འཆར་གཞི་བཟོ་དོ་ཡོདཔ་ཨིན་པས།
ལས་སྣ་ཚུ་ འཆར་གཞི་དང་བསྟུན་ཏེ་ར་ འགྱོ་དོ་ཡོདཔ་ད་ བཟོ་གྲྭ་ཁང་བཞི་ཡོད་མི་ཚུ་ བཟོ་གྲྭའི་ས་ཁོངས་ནང་ སྤོ་བཤུད་འབད་དགོ་ནི་དང་ ལྷག་ལུས་ས་ཚན་ཚུ་ ད་ལྟོ་ གོང་འཕེལ་གྱི་ལཱ་འབད་ནིའི་དོན་ལུ་ གནང་བ་མ་བྱིན་པར་ བཞག་ཡོདཔ་ཨིན་པས།
མཐའན་མཇུག་གི་ཞིབ་འཇུག་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ རེ་ལི་ཚུ་ ལོ་༥ འི་རྒྱབ་ལས་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ནོར་བུ་སྒང་བཟོ་གྲྭ་གླིང་གའི་ལས་འགུལ་ ཕེ་རོ་སི་ལི་ཀཱོན་དེ་ ད་ལྟོ་ ལཱ་འབད་དོ་ཡོདཔ་པའི་ རེ་ལིའི་རྒྱུན་ལམ་ལུ་བརྟེན་ སྐྱེལ་འདྲེན་རྒྱ་སྐྱེད་དང་ དཔལ་འབྱོར་འཕེལ་ཚད་ལུ་ལྷན་ཐབས་ ས་གནས་ཀྱི་དཔལ་འབྱོར་ཚུ་ བསྒྱུར་བཅོས་འབད་ཚུགས་ཟེར་ཨིན་པས།
ནོར་བུ་སྒང་བཟོ་གྲྭའི་འཐུས་མི་ སྐལ་བཟང་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ རེ་ལི་རྒྱུན་ལམ་ལུ་བརྟེན་ ཕྱིར་ཚོང་དང་ ནང་འདྲེན་འབད་ནི་ལུ་ ཁེ་ཕན་སྦོམ་ར་ཡོད་ཟེར་ཨིན་པས།
རེ་ལི་ཚུ་གིས་ བཟོ་བཅོས་ཀྱི་དོན་ལུ་ རྒྱལ་ཁབ་ནང་ན་ལས་ ཐོན་སྐྱེད་འབད་ནི་མེད་པའི་ རྒྱུ་ཆས་དང་ དོས་ཆས་ཚུ་ ནང་འདྲེན་འབད་ནི་ཨིནམ་ད་ རེ་ལི་རྒྱུན་ལམ་ལུ་བརྟེན་ ད་ལྟོ་ གནམ་བྱཱར་གྱི་སྐབས་ལུ་ སྣུམ་འཁོར་ཐོག་ལས་ སྐྱེལ་འདྲེན་འབད་ནི་ལུ་ སྟབས་མ་བདེཝ་ཡོད་མི་ཚུ་ཡང་ སེལ་ཚུགས་ཟེར་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རྒྱུ་ཆས་ཆུང་ཀུ་ཅིག་ལས་བརྒལ་ ནང་འདྲེན་མ་འབད་རུང་ གདོང་ལེན་ཚུ་ སྦོམ་སྦེ་ར་ འབྱུང་སྟེ་ཡོད་ཟེར་ཨིན་པས།
རེ་ལི་རྒྱུན་ལམ་དེ་ མཐར་འཁྱོལ་བྱུང་ཞིནམ་ལས་ མི་སྡེའི་དོན་ལུ་ ང་བཅས་ཀྱིས་ ཡུན་རིང་གི་དཔལ་འབྱོར་ཁེ་ཕན་སྤྱོད་ཐབས་ཡང་ བཟོ་ཚུགས་ཟེར་ ཁོ་གིས་བཤདཔ་ཨིན་པས།
འཐུས་མི་ཅིག་གིས་ བཤད་མིའི་ནང་ ནང་འཁོད་ལས་ ཐོན་སྐྱེད་འབད་ནི་མེད་པའི་ རྒྱུ་ཆས་ཚུ་ སྐྱེལ་འདྲེན་གྱི་དོན་ལུ་ གདོང་ལེན་དང་ དཀའ་ངལ་ཚུ་མེད་པར་ ཐད་ཀར་དུ་ རྒྱལ་ཁབ་ནང་ལྷོད་ཚུགས་ནི་མས་ཟེར་ཨིནམ་ད་ དམིགས་བསལ་གྱི་ རྡོ་སོལ་ཚུ་ ཚོང་འབྲེལ་གྱི་དོན་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཚུགས་ནི་མས་ཟེར་ཨིན་པས།
དེ་ལས་ ས་མཚམས་ཕྱི་ཁ་ལས་ འབག་འོང་ནིའི་དོན་ལུ་ སྐྱེལ་འདྲེན་གྱི་གླ་ཆ་ཚུ་ཡང་ མར་བབས་འགྱོ་ནི་ཨིནམ་ད་ ད་ལྟོ་ཡོད་པའི་ ནོར་བུ་སྒང་བཟོ་གྲྭ་དེ་ རེ་ལི་རྒྱུན་ལམ་ལས་ ཀི་ལོ་མི་ཊར་༡༠ གྱི་ས་ཁོངས་ནང་ཡོདཔཨིན་པས།
བསམ་རྩེ་ཚོང་པ་ཅིག་གིས་ བཤད་མིའི་ནང་ ཐད་ཀར་དུ་ རེ་ལི་རྒྱུན་ལམ་བཏོན་མི་གིས་ ཁེ་ཕན་དང་ མགྱོགས་དྲག་ མགོ་རྙོག་ཅན་གྱི་ལས་སྣ་ཚུ་ཡང་ མར་བབས་འགྱོ་ནི་མས་ཟེར་ཨིན་པས།
ད་ལྟོ་ ནོར་བུ་སྒང་གི་ ཕེ་རོ་སི་ལི་ཀོན་བཟོ་གྲྭ་དེ་གིས་ ས་གནས་ཀྱི་ ཚོང་པ་ཚུ་ལུ་ ཁེ་ཕན་བྱུང་བཞིན་དུ་ཡོདཔ་ད་ དེ་གི་དོན་ལུ་ མི་རློབས་ཡང་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
ས་གནས་ཀྱི་ ཚོང་པ་ཚུ་གི་ རེ་བ་ལས་འབད་བ་ཅིན་ བཟོ་གྲྭ་ཁང་གི་དོན་ལུ་ ལྷན་ཐབས་བྱུང་མི་གིས་ བསམ་རྩེ་དང་ ཕུན་ཚོགས་གླིང་ དེ་ལས་ རྒྱ་གར་གྱི་ཁྲོམ་སྡེ་ཚུ་ལུ་ དཔལ་འབྱོར་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།