༉ རྒན་ཤོས་ཚུ་གི་བར་ན་ དངུལ་ཕོགས་ཀྱི་དཀའ་ངལ་དང་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་ལུ་ རྒས་ཕོགས་གཏན་འཇགས་བཙུགས་བཞག་གི་ ལམ་ལུགས་གཞི་བཙུགས་ཐོག་ལས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ རྒན་ཤོས་ཚུ་གི་དོན་ལུ་ དགོངས་ཞུའི་བདོག་གཏད་ཤོག་དངུལ་ ཡར་དྲག་གཏང་ནིའི་འཆར་གཞི་ཡོདཔ་ཨིན་པས།
རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ འགོ་དཔོན་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ གཞུང་སྐྱོང་ལེགས་ལྡན་གྱི་ ཚོགས་ཆུང་ལུ་ གསལ་ཞུ་འབད་བའི་སྐབས་ མངོན་གསལ་བྱུང་ཡི།
ད་རེས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ ཟུར་ཕོགས་ལམ་ལུགས་དེ་ མི་རློབས་ཀྱི་བརྒྱ་ཆ་༩ རྐྱངམ་གཅིག་ལུ་ ཁྱབ་སྟེ་ཡོདཔ་ཨིན་པས།
རྒན་ཤོས་ཚུ་ དབུལ་ཕོངས་ཀྱི་ དཀའ་ངལ་འབྱུང་ནིའི་བཀག་ཐབས་ལུ་ གཞུང་གིས་ རྒན་ཤོས་འོང་འབབ་ བདོག་གཏད་ཤོག་དངུལ་ལུ་ རྒྱབ་སྐྱོར་འབད་དགོཔ་ད་ དེ་མིན་ གཞུང་ལུ་ དངུལ་འབྲེལ་དང་འབྲེལ་བའི་ དཀའ་ངལ་འབྱུང་ནིའི་ འོས་བབ་སྦོམ་ཡོདཔ་ཨིན་པས།
གནད་དོན་དེ་ སེལ་ཐབས་ལུ་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ རྒན༌ཤོས༌སྐྱེས་ལོ༌༦༥ ཡན་ཆད་འབད་མི་ཚུ་ལུ་ རྒས་ཕོགས་གཏན་འཇགས་བཙུགས་བཞག་གི་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ སྐྱ་ནམ་དང་ བདེ་སྒྲིག་འབད་ནིའི་དོན་ལས་ ལོ་༥ འི་བར་ན་ཚར་རེ་ བསྐྱར་ཞིབ་འབད་ནི་ཨིན་པས།
ལས་རིམ་དེ་ཡང་ ད་ལྟོའི་ ཟུར་ཕོགས་ལམ་ལུགས་ལུ་ ལྷན་ཐབས་དང་ གཞི་རྟེན་འཚོ་བའི་ཟད་འགྲོ་ཚུ་ འགྲུབ་ནི་གི་ ངེས་བརྟན་བཟོ་ནི་དམིགས་ཏེ་ཨིནམ་མ་ཚད་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་དངུལ་ཁང་གིས་ མི་རློབས་ཉེན་ཁ་ཅན་ཚུ་གི་ ཉེན་སྲུང་གི་ཐབས་ལམ་ རྒྱ་སྐྱེད་བཏང་ནིའི་དོན་ལུ་ ཕན་འདེབས་མེད་པའི་ དངུལ་ཕོགས་ཚུ་ ཕན་འདེབས་ལས་རིམ་ཚུ་དང་གཅིག་ཁར་ ལཱ་འབད་ནིའི་དོན་ལས་ གནས་སྟངས་ཚུ་ གཞི་བཙུགས་འབད་དགོཔ་ཨིན་པས།
རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་དང་འཁྲིལ་བ་ཅིན་ ཞི་གཡོགཔ་ཚུ་གི་དོན་ལུ་ སྤྱི་ལོ་༢༠༢༣ གྱི་ པེ་ར་མི་ཊིག་གཞི་སྒྱུར་གྱི་ གྲོས་འཆར་དེ་ ད་ལྟོའི་བར་ན་ཡང་ གཞུང་གི་ ཆ་འཇོག་ལུ་ བསྒུག་སྟེ་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༣༠ འི་ནང་འཁོད་ལུ་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་དངུལ་ཁང་གིས་ ཟུར་ཕོགས་ཀྱི་ཞབས་ཏོག་༡༠,༢༨༤ ལུ་ བྱིན་མི་གྲས་ལས་༦,༢༤༠ དེ་ ཞི་གཡོག་དང་ དམག་མི་༤༠༤༤ ཡོདཔ་བཞིན་དུ་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་དངུལ་ཁང་གི་ འཐུས་མི་༦༤,༩༠༩ ཡོདཔ་ཨིན་པས།
འཐུས་མི་ཚུ་གི་གྲས་ལས་ བརྒྱ་ཆ་༧༥ ཞི་གཡོགཔ་དང་ བརྒྱ་ཆ་༢༡ དམག་མི་ དེ་ལས་ བརྒྱ་ཆ་༤ སྒེར་སྡེ་ཚུ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་༤,༥༥༦.༢༢ ཡོད་མི་ལས་ སྤྱི་ལོ་༢༠༢༣ ལུ་ ཕན་འདེབས་ཀྱི་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༤,༤༡༣.༣༥ ལུ་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༨ ལུ་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༢,༦༤༠.༤ ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༧-༡༨ ལུ་ ཕན་འདེབས་མ་དངུལ་དེ་ དངུལ་ཀྲམ་ས་ཡ་༡,༢༡༩.༩༩ ཨིན་པས།
ཨིན་རུང་ ན་ཧིང་རྐྱངམ་གཅིག་ནང་ར་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ འཐུས་མི་ཚུ་ལུ་ དངུལ་ཀྲམ་ས་ཡ་༥,༤༥༡.༥༥ བྱིན་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༨ པའི་ ནང་འཁོད་ལུ་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ དངུལ་རྩིས་ནང་ བྱུང་ཐོ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༤༦,༣༧༢.༩༡ ཡོད་མི་ལས་ དངུལ་ཀྲམ་ས་ཡ་༧,༡༨༡.༡ འཚོ་རྟེན་མ་དངུལ་སྦེ་ བྱིན་ཡོདཔ་བཞིན་དུ་ ཟུར་ཕོགས་དངུལ་ཀྲམ་སཡ་༧,༥༢༦ འཛིན་གྲོལ་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ ལཱ་གཡོག་ནང་ འགྱུར་བ་བྱུང་མི་གནད་དོན་དེ་ཡང་ ལམ་ལུགས་བསྒྱུར་བཅོས་དང་ ལཱ་གཡོག་གི་གོ་སྐབས་ ཚད་འཛིན་ཅན་ དེ་ལས་ འཛིན་སྐྱོང་གི་ ལམ་ལུགས་ཚུ་ དངུལ་ཕོགས་འཆར་གཞི་མེན་པར་ འཐུས་ཤོར་གྱི་ རྒྱུ་རྐྱེན་གཙོ་བོ་ཅིག་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
འཐུས་མི་བརྒྱ་ཆ་༡༣ རྐྱངམ་གཅིག་གིས་ ལོ་ངོ་༢༠ ལྷགཔ་ཅིག་གི་རིང་ ཕན་འདེབས་འབད་ཡོདཔ་ད་ བརྒྱ་ཆ་༥ གིས་ ལོ་༡༨ ལས་༢༠ གི་རིང་ ཕན་འདེབས་འབད་ཡོད་པའི་ཁར་ བརྒྱ་ཆ་༤ གིས་ ལོ་༡༦ ལས་༡༨ ཀྱི་རིང་ ཕན་འདེབས་འབད་ཡོདཔ་ཨིན་པས།
འོང་འབབ་ཀྱི་ཐད་ལུ་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ ན་ཧིང་ སྤྱི་ཟླ་༨ པའི་ ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༣,༨༧༣.༩༣ བཟོ་ཡོདཔ་ད་ ད་རེས་ དངུལ་ཀྲམ་ས་ཡ་༢,༨༢༣.༡ ལས་བརྒལ་ བཟོ་མ་ཚུགསཔ་ཨིན་པས།
ན་ཧིང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ འོང་འབབ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༣,༣༧༡.༧༤ བཟོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement