༉ མངོན་མཐོའི་ཁྲིམས་འདུན་གྱིས་ ཆེ་མཐོའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་དེ་ ཀྲོང་གསར་ སྐོར་ཕུག་རྒཔོ་བགྲེསཔ་ སངས་རྒྱས་མཁའ་འགྲོ་ལུ་ རྒེད་འོག་རང་བཞིན་གནས་སྟངས་ཉམས་སྲུང་ཚོགས་ཆུང་གི་མ་དངུལ་ དངུལ་ཀྲམ་༦༢༠,༥༠༣ ལྐོག་ཟ་འབད་མི་ལུ་བརྟེན་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ཁོ་ལུ་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༦ བཀལ་ཡོད་རུང་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
མི་དང་ སེམས་ཅན་བར་ནའི་ བྲེལ་ཟིང་གི་ དཀའ་ངལ་སེལ་ཐབས་ལུ་ རྒེད་འོག་རང་བཞིན་གནས་སྟངས་ཉམས་སྲུང་ཚོགས་ཆུང་མ་དངུལ་དེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ ཚོགས་ཆུང་ལུ་ སོ་ནམ་དང་སྒོ་ནོར་ལྷན་ཁག་ལས་ དངུལ་ཀྲམ་༣༠༠,༠༠༠ དང་ སྤྱི་ལོ་༢༠༡༦ ལུ་ གཞལམ་སྒང་ནགས་ཚལ་སྡེ་ཚན་ལས་ དངུལ་ཀྲམ་༢༠༠,༠༠༠ འབདཝ་ད་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་༥༠༠,༠༠༠ ཐོབ་ཡོདཔ་ཨིན་པས།
མ་དངུལ་དེ་ རི་དྭགས་སེམས་ཅན་ཚུ་གིས་ གནོད་བཀལ་པའི་སྐབས་ སོ་ནམ་པ་ཚུ་ལུ་ རྒུད་འཐུས་སྤྲོད་ནིའི་དོན་ལུ་ཨིན་རུང་ ལས་རིམ་ནང་ བཅའ་མར་མ་གཏོགས་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ རྒུད་འཐུས་ཚུ་ འཛིན་གྲོལ་འབད་མ་ཚུགསཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ སོ་ནམ་དང་སྒོ་ནོར་ལྷན་ཁག་གིས་ རྒྱལ་ཡོངས་ལོ་ཐོག་དང་སྒོ་ནོར་ཉེན་བཅོལ་མ་དངུལ་ གཞི་བཙུགས་འབད་དེ་ ཉམས་སྲུང་མ་དངུལ་དེ་ རྒྱལ་ཡོངས་ལས་རིམ་ནང་ བརྗེ་སོར་འབད་དགོཔ་སྦེ་ བཀའ་རྒྱ་གནང་སྟེ་ ཡོདཔ་ཨིན་པས།
བཀའ་རྒྱ་ལུ་ མ་གནས་པ་ སངས་རྒྱས་མཁའ་འགྲོ་གིས་ མ་དངུལ་དེ་ ཁོ་རའི་རྩིས་ཁྲ་ནང་བཙུགས་ཏེ་ ཁྲིམས་འགལ་ཐོག་ལས་ ཟླཝ་༡༨ ཀྱི་རིང་ རང་དོན་ལག་ལེན་འཐབ་ཡོདཔ་ཨིན་པས།
རྩོ་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་གི་ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དོན་ཚན་༥༢.༡(ཀ) དང་(ཁ) དང་ ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༢ དང་འཁྲིལ་ཏེ་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
ཁྲིམས་རྩོདཔ་གིས་ མ་དངུལ་ཚུ་ འཆར་གཞི་དེ་ལུ་ ལག་ལེན་འཐབ་པར་ཡོདཔ་ད་ སྒྲུབ་བྱེད་ཀྱི་དོན་ལུ་ ཞལ་འཛོམས་ཀྱི་ གྲོས་གཞི་དང་ འབྱོར་འཛིན་བརྩིས་ཏེ་ ཡིག་ཆ་ཚུ་ཡང་ རྫུན་མ་བཟོ་སྟེ་ ཡོདཔ་ཨིན་པས།
རྒཔོ་བགྲེསཔ་གིས་ མ་དངུལ་དེ་ མི་སྡེ་དགོས་དོན་ ཚེ་སྲོག་ཉེན་བཅོལ་གྱི་དོན་ལས་ ལག་ལེན་འཐབ་ཡོདཔ་སྦེ་ བཀོད་མི་དེ་ བདེན་ཁུངས་མེདཔ་སྦེ་ མངོན་གསལ་བྱུང་ ཡོདཔ་ཨིན་པས།
ཀྲོང་གསས་རྫོང་ཁག་ཁྲིམས་འདུན་གྱིས་ འགོ་ཐོག་ལུ་ བསམ་བཞིན་ལོག་སྤྱོད་འབད་བའི་ སྒྲུབ་བྱེད་ལངམ་སྦེ་ མ་ཐོན་མི་དང་ ལོག་སྤྱོད་འབད་བའི་ ལྟ་རྟོག་དང་ དྭངས་གསལ་ དེ་ལས་ རྩིས་ཞིབ་ཚུ་མེདཔ་ལས་ སངས་མཁའ་འགྲོ་དེ་ ཉེས་འགྲོལ་བཏང་ཡོདཔ་ཨིན་པས།
ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཆེ་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་སྟེ་ འཁྲུན་ཆོད་དེ་ བསྒྱུར་བཅོས་སོང་ཡོདཔ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ མ་དངུལ་ག་ར་ ཕྱིར་བཏོན་དང་ ལག་ལེན་ལོག་སྤྱོད་འབད་དེ་ སྤྱི་ལོ་༢༠༢༢ ལུ་ རྩིས་འབད་བའི་ཤུལ་ལས་རྐྱངམ་གཅིག་ དངུལ་ཚབ་བཙུགས་ཡོདཔ་སྦེ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཤེས་རྟོགས་བྱུང་ནུག།
ཁྲིམས་རྩོདཔ་གིས་ ལྐོག་ཟ་འབད་བའི་ མ་དངུལ་ཐོག་ཁར་ སྐྱེད་བརྒྱ་ཆ་༢༤ བཀལ་དགོཔ་སྦེ་ བཀོད་ཡོད་མི་དེ་ ཆ་མེད་བཏང་ཐོག་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ སངས་རྒྱས་མཁའ་འགྲོ་ལུ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
སྐྱེད་ཆ་མེད་བཏང་མི་དེ་ཡང་ མ་དངུལ་ཚུ་ག་ར་ ལོག་བཙུགས་མི་ལུ་བརྟེན་ཨིན་པས།
མངོན་མཐོའི་ཁྲིམས་འདུན་གྱིས་ རྩོད་གཞི་དེ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དང་ ཉེས་འགེལ་ཁྲིམས་དེབ་ལས་བརྒལ་བ་ཡོདཔ་སྦེ་ མཐོང་བའི་ཤུལ་ ཆེ་མཐོའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement