༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ སྤྱི་ལོ་༢༠༢༤ ལོའི་ འབྲུག་དབང་རྒྱལ་ རྒྱལ་ཡོངས་རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ སྡེ་ཚན་ཀ་པའི་ནང་ལས་ མོང་སྒར་རྒེད་འོག་གིས་ མཐའ་བཅད་ཆུང་བའི་ནང་ ལྷོད་ཡོདཔ་ཨིན་པས།
སྡེ་ཚན་གྱིས་ སྒོམ་དར་རྒེད་འོག་དང་ དོ་འགྲན་འབད་བའི་སྐབས་ སྐུགས་གཉིས་སྦྱེལཝ་སྦྱེལ་ས་ཆོད་ཡོདཔ་ད་ ཁོང་གིས་ སྤྱི་ཟླ་༡༢ པའི་ཚེས་༢༥ ལུ་ སྐུགས་དང་པ་༢༥-༩ སྦེ་ཆོད་ཡོདཔ་ད་ སྐུགས་གཉིས་པམ་དེ་༢༥-༢༢ སྦེ་ ཉིནམ་གཉིས་པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༢༦ ལུ་ སྡེ་ཚན་དེ་གིས་ མཐའ་བཅད་ཆུང་བའི་ནང་ རྩེད་འགྲན་འབད་ནི་ལུ་ གྲ་སྒྲིག་སོང་ཡོདཔ་ཨིན་པས།
སྡེ་ཚན་ཁ་པའི་ནང་ ཀུར་སྟོད་སྟོང་མི་བྱང་ས་དང་ མར་ཚ་ལ་རྒེད་འོག་གཉིས་ མཐའ་བཅད་ཆུང་བའི་དོན་ལུ་ དོ་འགྲན་འབད་ནི་དང་ ཀླུ་མང་རྒེད་འོག་དང་ དགྲ་མེད་རྩེ་རྒེད་འོག་གཉིས་ཀྱིས་ མཐའ་བཅད་ཆུང་བའི་དོན་ལུ་ གོ་སྐབས་ཀྱི་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པས།
གཡང་གཉེར་དང་ འབྲས་སྤོང་རྒེད་འོག་གི་ སྡེ་ཚན་གཉིསཔོ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༩ དང་༣༠ ལུ་ དོ་འགྲན་འབད་ནི་དང་ སྦིས་གདུང་དང་ ཡ་ལང་རྒེད་འོག་གཉིས་ཀྱིས་ སྤྱི་ཟླ་༡༢ པའི་ཚེས་༣༡ དང་ སྤྱི་ཟླ་༡ པའི་ཚེས་༡ ལུ་ རྩེད་འགྲན་འབད་ནི་ཨིན་པས།
མོང་སྒར་གྱི་ སྡེ་ཚན་འགོ་ཁྲིདཔ་ སྐྱེས་ལོ་༣༩ ལང་མི་འཇམ་དཔལ་གྱིས་ བཤད་མིའི་ནང་ ཁོ་གི་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་ ཁག་གསུམ་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ སྡེ་ཚན་གསུམ་ཆ་ར་ལས་ སྐུགས་གཉིས་སྦྱེལཝ་སྦྱེལ་ས་ཆོད་དེ་ རྒྱལ་ཁ་ཐོབ་མི་ལུ་ དཔའ་ཉམས་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ སྡེ་ཚན་ནང་འཁོད་ལུ་ མཉམ་འབྲེལ་དང་ གཅིག་མཐུན་ཡོད་མི་གིས་ འགྲན་བསྡུར་དེ་ སྡེ་ཚན་སྒྲིང་སྒྲི་ཅིག་སྦེ་ ཡོད་ཟེར་ཨིནམ་ད་ སྡེ་ཚན་རེ་ནང་ མདའ་རྩེདཔ་དྲག་ཤོས་རེ་ཡོད་དེ་འབད་རུང་ མཉམ་འབྲེལ་གྱི་ཐད་ལུ་ དེ་ཅིག་ར་མིན་འདུག་ཟེར་ཨིནམ་ད་ སྒོམ་དར་སྡེ་ཚན་དང་ཕྱདཔ་ད་ ངེ་གི་སྡེ་ཚན་དེ་ དྲག་ཤོས་མཚམས་ཅིག་སྦེ་ཡོད་རུང་ ཁོང་གིས་ཡང་ དོ་འགྲན་འབད་ཡི་ཟེར་ཨིན་པས།
འཇམ་དཔལ་ཁོ་ར་ མདའ་རྩེད་འགྲན་བསྡུར་ནང་ སྤྱི་ལོ་༢༠༡༥ ལས་ བཅའ་མར་གཏོགས་ནི་ འགོ་བཙུགས་ཡོདཔ་ལས་ འགྲན་བསྡུར་འབད་ནི་ལུ་ བློ་བདེ་ཏོག་ཏོ་མཚམས་ཅིག་སྦེ་ ཡོད་ཟེར་ཨིན་པས།
མདའ་རྩེདཔ་ཅིག་ཨིན་པའི་གུ་ རང་ལུགས་ཀྱི་མདའ་གཞུའི་ཐོག་ རྩེད་འགྲན་འབད་ནི་དེ་ དཔའ་ཉམས་བྱུངམ་མས་ཟེར་ཨིནམ་ད་ དེ་ཡང་ དམིགས་བསལ་གྱི་ ལྕང་གླིང་མི་ཐང་ནང་ རང་ལུགས་བརྩི་མཐོང་ཅན་ནང་ གྲལ་གཏོགས་འབད་ནི་ལུ་ དགའ་བ་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ཁོ་གི་སྡེ་ཚན་གྱིས་ མཐའ་བཅད་ཆུང་བ་ནང་ དོ་འགྲན་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
དུས་ཅི་གི་ འགྲན་བསྡུར་དེ་ ཧེ་མ་དང་མ་འདྲཝ་སྦེ་ ཡོད་མི་དེ་ཡང་ སྡེ་ཚན་ཚུ་ག་ར་ རང་སོའི་རྒེད་འོག་ནང་ལས་ བཅའ་མར་གཏོགས་དགོཔ་སྦེ་ཡོདཔ་ད་ དེ་གིས་ ང་བཅས་ས་གནས་ཀྱི་རིག་རྩལ་ཚུ་ ཡར་རྒྱས་བཏང་ཚུགས་པས་ཟེར་ཨིནམ་བཞིན་དུ་ འགྲན་བསྡུར་ནང་ རྒེད་འོག་༥༠ ཡོད་ས་ལས་ སྡེ་ཚན་༥༨ ཐོན་མི་དེ་ ངལ་རངས་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
རང་ལུགས་སྤག་ཤིང་གི་ མདའ་གཞུའི་རྩེད་འགྲན་དེ་ སྤྱི་ཟླ་༡༡ པའི་ཚེས་༤ ལས་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༢༥ ཟླ་༡ པའི་ཚེས་༡༢ ལུ་ མཇུག་བསྡུ་ནི་ཨིན་པས།
འགྲན་བསྡུར་དེ་ འབྲུག་རང་ལུགས་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ སྤྱི་ལོ་༢༠༠༣ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གཡིབ་དམག་ཚུ་ལས་རྒྱལ་ཁ་ཐོབ་པའི་ གུས་བཏུད་ཞུ་ནིའི་དོན་ལུ་ ལོ་བསྟར་རྩེད་འགྲན་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ན་ཧིང་གི་ དྲག་ཤོས་ཨིན་མི་ སྒོམ་དར་སྡེ་ཚན་གྱི་ འགོ་ཁྲིདཔ་པ་སངས་རྡོ་རྗེ་གིས་ བཤད་མིའི་ནང་ སྡེ་ཚན་དེ་ ན་ཧིང་གི་བཟུམ་ཅིག་ སྒྲིང་སྒྲི་མེད་ཟེར་ཨིནམ་ད་ དེ་ཡང་ དུས་ཅི་ རྩེད་འགྲན་གྱི་ལམ་ལུགས་ བསྒྱུར་བཅོས་འབད་མི་ལུ་བརྟེན་ཨིནམ་ལས་ ཧེ་མ་འབད་བ་ཅིན་ སྡེ་ཚན་ནང་ རྒེད་འོག་སོ་སོ་གི་ རྩེད་འགྲན་པ་ཚུ་ བཙུགས་ཐོག་ལས་ རྩེད་འགྲན་འབད་ཆོག་ནི་དེ་གིས་ ཨིན་ཟེར་ཨིན་པས།
མོང་སྒར་སྡེ་ཚན་ལས་ ཕམ་སོ་མི་ སྡེ་ཚན་འགོ་ཁྲིདཔ་ པ་སངས་རྡོ་རྗེ་གིས་ བཤད་མིའི་ནང་ མ་གཞི་ སྡེ་ཚན་ཚུ་གིས་ སྐོར་ཐེངས་གསུམ་གྱི་རིང་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཚུགས་མི་ལུ་ ངལ་རངས་ཡོད་ཟེར་ཨིནམ་ད་ སང་ཕོད་འབད་བ་ཅིན་ སྡེ་ཚན་དེ་ སྒྲིང་སྒྲི་བཟོ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
རང་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་དེ་ ཕྱིར་འབུད་ལམ་ལུགས་ཐོག་ལུ་ རྩེད་འགྲན་འབད་དོ་ཡོདཔ་ལས་ སྡེ་ཚན་ནང་ མདའ་རྩེདཔ་༡༣ རེ་དང་ མདའ་རྩེདཔ་༢ དེ་ སོར་ཚབ་སྦེ་བཞག་དོ་ཡོདཔ་ད་ སྡེ་ཚན་རེ་གིས་ འགྲན་བསྡུར་ནང་འཛུལ་འཐུས་དངུལ་ཀྲམ་༡༥,༠༠༠ རེ་ སྤྲོད་དགོཔ་ཨིན་པས།
འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ འགོ་དཔོན་གྱིས་ བཤད་མིའི་ནང་ རྩེད་འགྲན་དེ་ ལེགས་ཤོམ་སྦེ་ར་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ དེ་ཡང་ རྩེད་འགྲན་འབད་མི་དང་ ལྟདམོ་ལྟ་མི་གཉིས་ཆ་ར་གི་ ཁ་ཐུག་ལས་ མཉམ་འབྲེལ་ཚུ་ ལེགས་ཤོམ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་ ཉིན་བསྟར་བཞིན་དུ་ ལྟདམོ་བལྟ་མི་ ཕྱིའི་ལྟ་བཤལཔ་དང་ ནང་འཁོད་ཀྱི་ རྒྱབ་སྐྱོར་འབད་མི་ཚུ་གིས་ སྤུངས་འཛོམས་འབད་ཐོག་ལས་ འགྲན་བསྡུར་དེ་ སྤྲོ་བ་ཅན་ཅིག་སྦེ་ བཟོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement