༉ ལོ་༡༠གྱི་རིང་ ག་ནི་ཡང་འབད་མ་ཤེས་པའི་ གནས་སྟངས་བྱུང་བའི་ཤུལ་ལས་ གཞུང་གིས་ གྲོང་གསེབ་ཚུ་ནང་ཡོད་པའི་ མི་སྡེ་ཞབས་ཏོག་ལྟེ་བ་ཚུ་ རྒེད་འོག་བདག་སྐྱོང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ལྟེ་བ་ཚུ་ཡང་ སྤྱི་ལོ་༢༠༡༡ ལུ་ འགོ་འབྱེད་འབད་དེ་ འབྲུག་འགྲེམ་རང་སྐྱོང་ལས་འཛིན་འོག་ལུ་ ལག་ལེན་དང་ རྒྱུན་སྐྱོང་འཐབ་སྟེ་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ ལས་འཛིན་གྱིས་ ལྟེ་བ་ཚུ་ འབྲུག་གོང་འཕེལ་དངུལ་ཁང་ལུ་ སྤྲོད་པའི་ཤུལ་ལས་ སྤྱི་ལོ་༢༠༢༡ ལུ་ རྒྱལ་ཡོངས་སི་ཨེསི་ཨའི་དངུལ་ཁང་ལུ་ རྩིས་སྤྲོད་འབད་ནུག།
ན་ཧིང་ རྒྱལ་ཡོངས་སི་ཨེསི་ཨའི་དངུལ་ཁང་དེ་ འབྲུག་གོང་འཕེལ་དངུལ་ཁང་དང་ མཉམ་སྡེབ་འབད་བའི་ཤུལ་ མི་སྡེ་ཞབས་ཏོག་ལྟེ་བ་ཚུ་གིས་ ཁོང་གིས་ རྒྱུན་སྐྱོང་འཐབ་ཡོདཔ་ཨིན་པས།
གཞུང་གིས་ ལྟེ་བ་ཚུ་ འབྲུག་གོང་འཕེལ་དངུལ་ཁང་ལུ་ རྒྱུན་སྐྱོ་འཐབ་བཅུག་མི་དེ་ཡང་ དངུལ་འབྲེལ་ཞབས་ཏོག་གི་ འགན་ཁུར་ཚུ་ གཞུང་ལས་མི་སེར་གྱི་ཞབས་ཏོག་བརྩིས་ཏེ་ མི་མང་དང་ གཅིག་སྒྲིལ་འབད་ཐབས་ལུ་ཨིན་པས།
ཧེ་མ་ ལྟེ་བའི་བདག་དབང་དེ་ བརྡ་དོན་འཕྲུལ་རིག་དང་བརྡ་དོན་ལས་ཁུངས་ལས་ ས་གནས་གཞུང་སྐྱོང་ལས་ཁུངས་ལུ་ བརྗེ་སོར་འབད་ནི་སྦེ་ཡོད་རུང་ གྲོས་བསྟུན་མང་རབས་ཅིག་འབད་བའི་ཤུལ་ལས་ གནད་དོན་དེ་ སེལ་ཐབས་འབད་མ་ཚུགསཔ་ཨིན་པས།
ལྟེ་བ་ཚུ་ འབྲུག་གོང་འཕེལ་དངུལ་ཁང་གིས་ རྒྱུན་སྐྱོང་འཐབ་དགོ་པ་ཅིན་ གཞུང་ལས་ མ་དངུལ་གྱི་རྒྱབ་སྐྱོར་ དངུལ་ཀྲམ་ས་ཡ་༢༣༠དགོཔ་སྦེ་ མཁོ་འདོད་བཀོད་ཡོདཔ་ཨིན་པས།
ལྟེ་བ་གི་ དམིགས་ཡུལ་དེ་ཡང་ དབུལ་ཕོངས་མར་ཕབ་དང་ མི་སྡེའི་དབང་ཆ་ དེལས་ གྲོང་གསེབ་ཚུ་གི་ འཚོ་བའི་སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ཨིན་པས།
ད་རེས་ འབྲུག་ལུ་ གཞུང་ལས་༡༧ དང་ རང་དབང་ལས་སྡེ་བརྩིས་ཏེ་ ཡོངས་འབྲེལ་ཐོག་ལས་ ཞབས་ཏོག་༣༥༠དེ་ཅིག་ ཡོདཔ་ཨིན་པས།
འབྲུག་རྩིས་དཔྱད་བཀོད་འཛིན་གྱི་ འཚོ་བ་གནས་ཚད་བརྟག་ཞིབ་སྙན་ཞུ་༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ འབྲི་ལག་ཤེས་ཡོན་གྱི་གནས་ཚད་ བརྒྱ་ཆ་༧༠འབདཝ་ད་ མི་རློབས་༢༢༨,༧༩༤ ཡོད་མི་གྲས་ལས་ བརྒྱ་ཆ་༣༠འབྲི་ལྷག་ཤེས་ཡོན་མེད་མི་ཡོདཔ་ཨིན་པས།
དེ་མ་ཚད་ གུང་པ་བརྒྱ་ཆ་༦༠འབདཝ་ད་ གུང་པ་༡༦༤,༣༣༡ ལས་ མི་རློབས་༡༠༠,༠༠༠གྲོང་གསེབ་ནང་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ རང་སྡི་-སག་སྟེང་གི་འཐུས་མི་ བཀྲིས་བསྟན་འཛིན་གྱིས་ བརྡ་དོན་འཕྲུལ་རིག་གོང་འཕེལ་འགྱོ་མི་དང་འབྲེལ་ ཡོངས་འབྲེལ་ཐོག་གི་ ཞབས་ཏོག་ཚུ་ རྒྱ་སྐྱེད་གཏང་ནི་དང་ གཞུང་གིས་ཡང་ ཞབས་ཏོག་ག་ར་ ཡོངས་འབྲེལ་བཟོ་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞབས་ཏོག་ཚུ་ བདག་སྐྱོང་དང་ རྒྱུན་སྐྱོང་འཐབ་ནི་གི་ བརྟན་མེདཔ་ཡོད་མི་ཚུ་གི་ གནད་དོན་ཡང་ སེལ་ཐབས་འབད་དགོཔ་ འདུག་ཟེར་ཨིན་པས།
དེ་བསྒང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ མི་སྡེ་བརྡ་དོན་ལྟེ་བ་ཚུ་ རྒེད་འོག་བདག་སྐྱོང་གི་འོག་ལུ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ནི་ཨིནམ་ད་ ལྟེ་བ་ཚུ་ཡང་ བློན་ཆེན་ཡིག་ཚང་གིས་ ཆེད་དུ་དམིགས་ཏེ་ རྒྱུན་སྐྱོང་དང་ འཕྲུལ་རིག་གི་ རྒྱབ་སྐྱོར་ཚུ་འབད་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༢༠ ཟླ་༧ པ་ལས་ཚུར་ ལྟེ་བ་ལག་ལེན་འཐབ་མི་ཚུ་གིས་ སྤྱི་ལོ་༢༠༡༩ ལུ་ བློན་ཆེན་ལུ་ ཞུ་བ་འབད་ཡོདཔ་བཞིན་དུ་ གཏན་འཇགས་སྦེ་ བཟོ་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ལུ་ ཟླ་རིམ་གྱི་ དངུལ་ཕོགས་ཡང་ དངུལ་རྩིས་ལྷན་ཁག་གིས་ བྱིན་ཡོདཔ་ཨིན་པས།
དངུལ་ཕོགས་ཡང་ དངུལ་ཀྲམ་༡༡,༢༣༠ ལས་ དངུལ་ཀྲམ་༡༢,༠༩༥ འི་བར་ན་ཡོདཔ་ཨིན་པས།
ཨིན་རུང་ དངུལ་ཕོགས་དང་འཐུས་མ་གཏོགས་ ཀམ་པུས་་ཊར་དང་ པར་འཕྲུལ་ ཡིག་འབྲི་མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནི་གི་ འཆར་དངུལ་ཚུ་ ལོགས་སུ་སྦེ་ བགོ་བཀྲམ་འབད་དེ་ མེདཔ་ཨིན་པས།
ད་རེས་ ལྟེ་བ་ཚུ་ མི་སེར་ཚུ་ལས་ འཐུས་དུམ་གྲ་ཅིག་ལེན་ཏེ་ ལག་ལེན་འཐབ་དོ་ཡོདཔ་ད་ ལྟེ་བ་༢༠ དེ་ཅིག་ལུ་ ལག་ལེན་འཐབ་མི་མེད་པར་ ལོ་༣ དེ་ཅིག་ ལང་དོ་ཡོདཔ་ཨིན་པས།
རྒེད་འོག་དེ་ཚུ་གི་ མི་སེར་ཚུ་ ཞབས་ཏོག་ལེན་པ་ རྒེད་འོག་སོ་སོ་ཚུ་ནང་ འགྱོ་དགོཔ་བྱུང་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ལྟེ་བ་༢༠༢ ཡོདཔ་ཨིན་རུང་ རྒེད་འོག་༣ ལུ་ ལྟེ་བ་མེདཔ་ད་ ལག་ལེན་པ་ཚུ་གིས་ ལུང་ནག་ན་དང་ ནཱ་རོ་ཚུ་ནང་ ལཱ་འབད་མི་བཏུབ་དོ་ཡོདཔ་བཞིན་དུ་ ཐིམ་ཕུག་ ལྕང་རྒེད་འོག་གི་ མི་སྡེ་བརྡ་དོན་ལྟེ་བ་དེ་ ཁྲོམ་སྡེ་ནང་ མཉམ་བསྡེབས་འབད་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ ལྟེ་བ་ཚུ་ཡང་ སྐྱེས་རྩིས་དང་ ཤི་རྩིས་ཐོ་བཀོད་འབད་ནི་དང་ བཟའ་ཚང་གི་རྩིས་ཐོ་ཡིག་ཆ་ལེན་ནི་ གྲོང་གསེབ་ཤིང་ཆ་བགོ་བཀྲམ་ དེ་ལས་ གྲོང་གསེབ་ཁྱིམ་རྐྱབ་ནི་གི་ གནང་བ་ཚུ་ ལེན་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ནཱ་རོ་རྒཔོ་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ རྒེད་འོག་ནང་ མི་སྡེ་བརྡ་དོན་ལྟེ་བ་མེདཔ་ལས་ མི་སེར་ཚུ་ལུ་ དེ་ཐོག་གི་ ཞབས་ཏོག་ཚུ་ བྱིན་མ་ཚུགས་པའི་ཁར་ འཕྲལ་འཕྲལ་ གློག་མེ་ཡོད་པ་ཅིན་ རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ ཞབས་ཏོག་ཚུ་ འབད་བྱིན་དགོ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་མེ་གི་ཞབས་ཏོག་ རྒྱུན་གཏན་མེདཔ་ལས་ འགོ་དཔོན་ཚུ་ ལཱ་ཁག་སྦེ་ རྫོང་ཁག་ནང་ ཡོངས་འབྲེལ་གྱི་ ཞབས་ཏོག་བྱིན་པ་ འགྱོ་དགོཔ་ཐོན་དོ་ཡོདཔ་ལས་ རྒེད་འོག་གཞན་བཟུམ་སྦེ་ ཁོ་གི་ རྒེད་འོག་ནང་ཡང་ མི་སྡེ་ལྟེ་བ་ཅིག་ དགོ་པས་ཟེར་ཨིན་པས།
ཧཱ་ དགའ་སྐྱིད་གླིང་རྒཔོ་ དབང་ཚེ་རིང་གིས་ སླབ་མིའི་ནང་ ཡོངས་འབྲེལ་ཞབས་ཏོག་ གོང་འཕེལ་འགྱོ་མི་དང་འབྲེལ་ ལྟེ་བ་གིས་ མི་སྡེ་ནང་ ཁེ་ཕན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ད་ གལ་སྲིད་ ལྟེ་བ་ཚུ་ རྒེད་འོག་ནང་ རྩིས་སྤྲོད་འབད་བ་ཅིན་ ཞབས་ཏོག་ཚུ་ མགྱོགས་དྲགས་སྦེ་ བྱིན་ཚུགས་ནི་མས་ཟེར་ཨིན་པས།
བློན་ཆེན་གྱིས་ མི་མང་ཞབས་ཏོག་ཡར་དྲག་གཏང་ནིའི་དོན་ལུ་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་དང་ གྲོས་བསྟུན་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ཁྲོམ་སྡེ་གི་དོན་ལུ་ གཅིག་སྒྲིལ་ཞབས་ཏོག་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement