༉ གཞུང་གིས་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ དངུལ་ཀྲམ་ཐེར་འབུམ་༤.༡༧༢ གནས་པའི་ ཕན་གནད་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་༢༨༣ ལག་ལེན་འཐབ་ནི་ཨིན་པས།
ལས་འགུལ་གྱི་དམིགས་ཡུལ་དེ་ ཕན་ཚུན་གྱི་གོ་སྐབས་རྒྱ་སྐྱེད་དང་ དཔལ་འབྱོར་དང་འབྲེལ་བའི་གོ་སྐབས་ ཡར་སེང་འབད་ནི་ མི་ཚེའི་གནས་སྟངས་ལེགས་བཅོས་འབད་ནི་ དེ་ལས་ ཟ་ཆས་ཉེན་སྲུང་སྒྲིང་སྒྲི་བཟོ་ནི་ཚུ་ ཚུད་དེ་ཡོདཔ་ཨིན་པས།
རྒྱ་འབྲུག་གི་ ཕན་གནད་ཆེ་བའི་མི་སྡེ་གོང་འཕེལ་ལས་འགུལ་དང་ ཡང་ན་ གོང་འཕེལ་ཆུང་བའི་ལས་འགུལ་ འགོ་དང་པ་དེ་ སྤྱི་ཟླ་༡༢ པའི་ཚེས་༤ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ ཕྱི་འབྲེལ་དང་ ཚོང་འབྲེལ་ལྷན་ཁག་དང་ རྒྱ་གར་གཞུང་ཚབ་ཀྱི་འཐུས་མི་ཚུ་གིས་ ཚོགས་ཆུང་གི་ཞལ་འཛོམས་དང་ ལས་འགུལ་མཚན་རྟགས་བཀོད་ནི་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྒྱ་གར་གཞུང་གིས་ ལོ་ལྔའི་འཆར་གཞི་༡༣ པའི་དོན་ལུ་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡༠༠ བྱིན་ཡོདཔ་ད་ དེ་གི་གྲངས་སུ་ དངུལ་ཀྲམ་ཐེར་འབུམ་༡༠ དེ་ ཕན་གནས་ཆེ་བའི་མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ བཞག་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་སྐབས་ལུ་ གཞུང་གིས་ ཕན་གནས་ཆེ་བའི་མི་སྡེ་གོང་འཕེལ་ལས་འགུལ་༥༢༤ གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༨.༥ ལག་ལེན་འཐབ་ཡོདཔ་ཨིན་པས།
སྐྱིན་ཚབ་བཏབ་ནི་གི་ དུས་ཡུན་སྐབས་ལུ་ ཕན་གནས་ཆེ་བའི་མི་སྡེ་གོང་འཕེལ་ལས་འགུལ་གྱིས་ གཙོ་རིམ་ཅན་གྱི་ལས་སྣ་ འཐུང་ཆུ་བཀྲམ་སྤེལ་དང་ ཆུ་གཡུར་ གྲོང་གསེབ་མཐུད་སྦྲེལ་འཁོར་ལམ་ སོ་ནམ་གཞི་རྟེན་མཁོ་ཆས་ ཆུ་རུད་ཉེན་སྲུང་ ལྟ་བཤལ་གོང་འཕེལ་ ཁྲོམ་ཚོགས་གོང་འཕེལ་ ཕྱགས་སྙིགས་འཛིན་སྐྱོང་ དམིགས་བསལ་གྱི་མཐའ་ཟུར་དང་ ཁྲོམ་ཚོགས་བར་མ་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་དོ་ཡོདཔ་ཨིན་པས།
ལས་འགུར་གོ་རིམ་དང་པའི་ནང་ ཁྲོམ་སྡེ་གསུམ་ལུ་ ལས་འགུལ་༡༦ ལག་ལེན་འཐབ་མི་གིས་ དངུལ་ཀྲམ་ས་ཡ་༤༦༣.༧༡ གནས་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ནང་ ལས་འགུལ་ལྔ་ཡོད་མི་ལུ་ དངུལ་ཀྲམ་ས་ཡ་༡༥༡.༢༡ དང་ ཕུན་ཚོགས་གླིང་ལུ་ ལས་འགུལ་དྲུག་ནང་ དངུལ་ཀྲམ་ས་ཡ་༡༥༢.༥ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ལས་འགུལ་༥ ཡོད་མི་གིས་ དངུལ་ཀྲམ་ས་ཡ་༡༦༠ གནས་ཡོདཔ་སྦེ་ཨིན་པས།
ཕྱི་འབྲེལ་ལས་ཁུངས་ཀྱི་མདོ་ཆེན་ པདྨ་མཚོ་མོ་གིས་ བཤད་མིའི་ནང་ ལས་འགུལ་ཚུ་ ས་གནས་གཞུང་དང་ གྲོས་བསྟུན་ཐོག་ ཁོང་རའི་དགོས་མཁོ་དང་ གདམ་ཁ་དང་འཁྲིལ་ གྲོས་གཞི་ཚུ་བཙུགས་ཡོདཔ་ཨིན་པས།
གྲོས་གཞི་དེ་གུ་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་མ་གནང་པའི་ཧེ་མར་ ཚོགས་ཆུང་གིས་ བསྐྱར་ཞིབ་ཚུ་ མཐིལ་ཕྱིན་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement