༉ འབྲུག་གི་ འཆར་གཞི་༡༣ པའི་འོག་ལུ་ རྒྱ་གར་གཞུང་གིས་ ལས་འགུལ་གྲོགས་རམ་༦༡ གནང་བ་གྲུབ་ཡོདཔ་བཞིན་དུ་ འགོ་དང་པའི་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ས་ཡ་༤༩,༥༧༨.༧༥ གནང་བ་གྲུབ་ཚར་ཡོདཔ་ཨིན་པས།
དེ་ཡང་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ རེས་གཟའ་མིག་དམར་ལུ་ གནད་དོན་འདི་གི་སྐོར་ལས་ རྒྱལ་ཡོངས་ཚོགས་འདུ་ལུ་ གསལ་ཞུ་ཕུལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ གི་ ཟླཝ་༧ པ་དང་༡༡ པའི་བར་ན་ འབྲུག་གིས་ མ་དངུལ་ཡོངས་བསྡོམས་ལས་ དངུལ་ཀྲམ་ས་ཡ་༡,༧༩༦.༤༦ ཐོབ་ཡོདཔ་མ་ཚད་ ཤུལ་མའི་ཟླཝ་ཚུ་ནང་ ཁ་སྐོང་མ་དངུལ་འཐོབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ རྒྱ་གར་གཞུང་གིས་ ལས་རིམ་གྲོགས་རམ་ དངུལ་ཀྲམ་ཐེར་འབུམ་༥ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།
ཆིངས་ཡིག་འདི་གི་འོག་ལུ་ ཟླཝ་༣ རེའི་བར་ན་ དངུལ་ཀྲམ་ས་ཡ་༢༥༠འཛིན་གྲོལ་འབད་ནི་ཨིནམ་ད་ དེ་ཡང་ སྤྱི་ཟླ་༧ པ་དང་༨ པ་༩ པའི་དོན་ལུ་ ཐོབ་ཚར་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ གསལ་ཞུ་ཕུལ་མི་དེ་ཡང་ བཀྲིས་སྒང་ བར་མཚམས་གཤོང་ཕུག་འདེམས་ཁོངས་ལས་ སྤྱི་ཚོགས་ཀྱི་འཐུས་མི་ རིན་ཆེན་དབང་འདུས་ཀྱིས་ དྲི་བཀོད་འབད་མིའི་ལན་ལུ་ཨིན་པས།
རིན་ཆེན་དབང་འདུས་ཀྱིས་ རྒྱ་གར་ལས་ གོང་འཕེལ་ཆུང་བའི་ ལས་འགུལ་ཡོངས་བསྡོམས་ཀྱི་སྐོར་ལས་ཡང་ དྲི་བཀོད་འབད་ཡོདཔ་ཨིན་པས།
བློན་པོ་གིས་ གོང་འཕེལ་ཆུང་བའི་ལས་འགུལ་དོན་ལུ་ མ་དངུལ་འཛིན་གྲོལ་ནང་ ལ་ལུ་ཅིག་ ཡུན་འགྱངས་ལུས་ཡོད་པའི་ ངོས་ལེན་འབད་ཡོད་རུང་ མ་དངུལ་ཚུ་ འཕྲལ་མགྱོགས་ར་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གོང་འཕེལ་ཆུང་བའི་ལས་འགུལ་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༠བགོ་བཀྲམ་འབད་མི་ལས་ རྒེད་འོག་ཚུ་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༧ ལོགས་སུ་སྦེ་བཏོན་བཞག་ཡོདཔ་ད་ ཁྲོམ་སྡེ་དང་ རྫོང་ཁག་ཚུ་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༥ བཞག་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ས་གནས་ཀྱི་ སྤྱི་ཚོགས་འཐུས་མི་ཚུ་དང་ དབང་འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ གཞུང་གིས་ གོང་འཕེལ་ཆུང་བའི་ལས་འགུལ་༢༧༩ ཆ་འཇོག་འབད་ཡོདཔ་ད་ སྤྱི་ལོ་༢༠༢༤ ལས་༢༠༢༦ གི་དོན་ལུ་ གཞུང་གིས་ རྒྱ་གར་གཞུང་ལུ་ དངུལ་ཀྲམ་ཐེར་འབུམ་༤.༢ ཀྱི་གནང་བ་དོན་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ འབྲུག་གིས་ སྤྱི་ལོ་༢༠༢༤ གི་ ཟླཝ་༧ པ་ལས་༡༠པའི་བར་ན་ གོང་འཕེལ་མཉམ་རོགས་གཞན་ཚུ་ལས་ དངུལ་ཀྲམ་ས་ཡ་༢,༡༨༦.༤༤ ཐོབ་ཡོད་པའི་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་དོན་ལུ་ འཆར་དངུལ་བསྡོམས་དངུལ་ཀྲམ་ཐེར་འབུམ་༥༡༢ ལས་ དངུལ་ཀྲམ་ཐེར་འབུམ་༢༦༧ དེ་ རྒྱུན་སྐྱོང་ལས་སྣ་ཚུ་གི་དོན་ལུ་ཨིནམ་བཞིན་དུ་ གསར་སྒྲུབ་ལཱ་ཚུ་གི་དོན་ལུ་ ལྷག་ལུས་དངུལ་ཀྲམ་ཐེར་འབུམ་༢༤༥ བཞག་ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༤ པའི་དོན་ཚན་༦ པ་དང་བསྟུན་ རྒྱུན་སྐྱོང་ཟད་འགྲོ་དེ་ ནང་འཁོད་འོང་འབབ་ཐོག་ལས་ གཏང་ནི་ཨིནམ་ད་ དེ་ཡང་ ཚོད་རྩིས་དང་འཁྲིལཝ་ད་ དངུལ་ཀྲམ་ཐེར་འབུམ་༣༣༡ ཨིན་པའི་ཁར་ ལྷག་ཐེབས་དངུལ་ཀྲམ་ཐེར་འབུམ་༦༤ པོ་དེ་ གསར་སྒྲུབ་ལས་འགུལ་ཚུ་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
གསར་སྒྲུབ་འཆར་དངུལ་དོན་ལུ་ རྒྱ་གར་གྱིས་ དངུལ་ཀྲམ་ཐེར་འབུམ་༡༠༠ཁས་ལེན་འབད་ཡོདཔ་ད་ དེ་ནང་ ལས་འགུལ་གྲོགས་རམ་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༧༠དང་ གོང་འཕེལ་ཆུང་བའི་ལས་འགུལ་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥ དེ་ལས་ དཔལ་འབྱོར་ལྷན་ཐབས་འཆར་གཞི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༥ བརྩིས་ཏེ་ཨིན་པས།
འདི་དང་གཅིག་ཁར་ འབྲུག་གིས་ གོང་འཕེལ་མཉམ་རོགས་གཞན་ཚུ་ལས་ གསར་སྒྲུབ་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༤༠རེ་བ་བསྐྱེདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement