༉ འབྲུག་གཞུང་གིས་ མགྲོན་བརྡ་འབདཝ་བཞིན་དུ་ ད་རིས་ལས་འགོ་བཙུགས་ སྤྱི་ཟླ་༡༢ པའི་ཚེས་༡༩ ཚུན་ ཉིན་གྲངས་༣ གྱི་རིང་ རྒྱ་གར་ ཨ་སམ་མངའ་སྡེའི་ གཙོ་འཛིན་བློན་པོ་ མཁས་དབང་ཧེ་མཱན་ཏ་བིཤ་ཝ་པར་མ་ འབྲུག་ལུ་ གཞུང་འབྲེལ་ལྟ་སྐོར་ལུ་ བྱོན་ནི་ཨིན་པས།

བློན་པོ་དང་གཅིག་ཁར་ ཨ་སཱམ་མངའ་སྡེ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ཡོདཔ་ད་ ཁོང་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ དང་ མཇལ་ཕྲད་གནང་ནི་ཨིན་པའི་ཁར་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ཡང་ མཇལ་ཕྲད་གནང་ནིའི་ ལས་རིམ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ལྟ་སྐོར་དང་འབྲེལ་ གཙོ་འཛིན་བློན་པོ་གིས་ ནངས་པར་ འབྲུག་གི་རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ བརྩི་སྲུང་ཞུ་སར་ བཅའ་མར་གཏོགས་ནི་ཨིན་པས།
ད་རེས་ ཨ་སམ་མངའ་སྡེའི་གཙོ་འཛིན་བློན་པོ་ འབྲུག་ལུ་ལྟ་སྐོར་བྱོན་མི་དེ་ འགོ་དང་པ་ཨིནམ་ལས་ དྲན་རྟགས་ཅན་ཅིག་ཨིན་པས།

འབྲུག་དང་ ཨ་སམ་༢ ཀྱི་བར་ན་ རྒྱལ་རབས་ཅན་གྱི་ མཛའ་བཤེས་མཐུན་འབྲེལ་དམ་ཟབ་ཡོདཔ་མ་ཚད་ ཁྱིམ་ཚང་གི་འབྲེལ་བ་ཚུ་ཡང་ སྒྲིང་སྒྲི་ཡོདཔ་ཨིན་པས།

ལྟ་སྐོར་དེ་གིས་ མཛའ་བཤེས་མཐུན་འབྲེལ་ཚུ་ ལྷག་པར་དུ་ རྩ་བརྟན་བཟོ་སྟེ་ འབྲུག་དང་ རྒྱ་གར་ཨ་སམ་མངའ་སྡེ་གི་བར་ན་ མཐུན་ལམ་འདི་ ཧེང་སྐལ་ར་ ཡར་དྲག་བཏང་ཚུགས་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement