༉ བསམ་རྩེ་དང་ དགེ་ལེགས་ཕུག་ལས་ རྒྱ་གར་ལུ་ རེ་ལིའི་རྒྱུན་ལམ་མཐུད་སྦྲེལ་གྱི་ ཞིབ་འཇུག་ལཱ་ཚུ་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ལས་ མཇུག་བསྡུ་ཚུགས་ནི་ཨིན་པས།
ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གི་བློན་པོ་ ཌི་ཨེན་དུང་གེལ་གྱིས་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བརྡ་བརྒྱུད་ཞལ་འཛོམས་སྐབས་ རྒྱ་གར་དང་ འབྲུག་གི་བར་ནའི་ རེ་ལི་རྒྱུན་ལམ་ ཁག་གཉིས་འབད་མི་དེ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
བསམ་རྩེ་ བཱ་ནར་ཧཱཏ་ལས་འགུལ་གྱི་ས་ཁོངས་དེ་ དོ་འགྲན་ཅན་ཅིག་ ཨིན་མི་ལུ་བརྟེན་ རྒྱལ་ཁབ་གཉིས་ཀྱིས་ རྒྱུན་ལམ་དེ་ ལེགས་ཤོམ་སྦེ་ར་ བརྟག་དཔྱད་འབད་ནི་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཀི་ལོ་མི་ཊར་༧༠འབད་མི་ དགེ་ལེགས་ཕུག་ལས་ ཀོག་ར་ཇར་གྱི་ ས་མཚམས་རེ་ལི་རྒྱུན་ལམ་དེ་ མཐའ་བཅད་ཀྱི་བརྟག་དཔྱད་ཚུ་འབད་ཚར་ཡོདཔ་ད་ ནུབ་ཕྱོགས་ཁ་ཐུག་གི་ རེ་ལི་རྒྱུན་ལམ་དེ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ གྲོས་བསྟུན་འབད་ཐོག་ལས་ གཞི་བཀོད་དང་ རྒྱུན་འགྲུལ་གྱི་ བཀོད་ཁྲམ་ཚུ་གུ་ ལཱ་འབད་བའི་བསྒང་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
འདི་དང་འདྲཝ་སྦེ་ ཀི་ལོ་མི་ཊར་༡༦ འབད་མི་ བསམ་རྩེ་-བ་ནར་ཧཱཏ་ ས་མཚམས་རེ་ལིའི་ལམ་དེ་ རྒྱ་གར་ནུབ་ཕྱོགས་རེ་ལི་ལམ་གྱི་ ལས་སྡེ་དང་གཅིག་ཁར་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ ས་ཁོངས་ཚུ་གི་ གནད་དོན་ཐོག་ལུ་ བརྟག་ཞིབ་ཚུ་འབད་དོ་ཟེར་ཨིནམ་ད་ ནུབ་ཕྱོགས་རེ་ལི་ལམ་ལས་སྡེ་གིས་ ས་ཁོངས་གཉིས་ཀྱི་ གྲོས་གཞི་ཚུ་ བཙུགས་ཏེ་ཡོདཔ་ལས་ བརྟག་ཞིབ་འབད་དགོཔ་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
འབྲུག་གི་ རེ་ལི་རྒྱུན་ལམ་ རྒྱ་གར་དང་གཅིག་ཁར་ མཐུད་སྦྲེལ་འབད་ནི་དེ་ ལས་འགུལ་འགོ་བཙུགས་ཀྱི་ ལས་རིམ་ཅིག་སྦེ་ བཟོ་རིག་གནས་ཚད་ཀྱི་ ཞིབ་འཇུག་ཚུ་འབད་ནི་ཨིན་ཟེར་ཨིན་པས།
ལས་འགུལ་སྙན་ཞུའི་དོན་ལུ་ ཁ་གསལ་གྱི་ལཱ་ཚུ་ རྒྱ་འབྲུག་མཐུན་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཐོག་ལས་ དུས་ཅི་ལོའི་སྔ་ཆ་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས་གཉིས་ཀྱི་བར་ན་ གྲོས་འཆམ་བྱུང་ཡོདཔ་ཨིན་པས།
རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་བགྲེསཔ་ བི་ནེ་ མོ་ཧཱན་ ཝ་ཏ་ར་གིས་ བཟོ་རིག་ཞིབ་འཇུག་གི་ལཱ་ཚུ་ ཟླཝ་དག་པ་ཅིག་ནང་ མཇུག་བསྡུ་ཚུགས་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ བཟོ་སྐྲུན་ལཱ་གི་སྙན་ཞུ་ཚུ་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
རྒྱ་གར་གཞུང་གིས་ རེ་ལིའི་རྒྱུན་ལམ་དེ་ དུས་ཚོད་ཁར་ བཟོ་སྐྲུན་འབད་དེ་ མཇུག་བསྡུ་ནིའི་དོན་ལུ་ གོ་སྐབས་དང་ དམིགས་གཏད་བསྐྱེད་དེ་ ཡོད་ཟེར་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ འབྲུག་པའི་ཕྱིར་ཚོང་འཐབ་མི་ཚུ་ སྣུམ་འཁོར་ཊཱག་ནང་ དོ་འབག་སྟེ་ རྒྱ་གར་ས་མཚམས་བརྒྱུད་དེ་ འགྱོ་བའི་སྐབས་སུ་ གདོང་ལེན་སྦོམ་ར་བྱུང་དོ་ཡོདཔ་ད་ རྒྱ་འབྲུག་གཉིས་ཀྱི་བར་ན་ རེ་ལི་རྒྱུན་ལམ་ མཐུད་སྦྲེལ་འབད་མི་གིས་ རྒྱལ་ཁབ་གཉིས་ཀྱི་བར་ ལྟ་བཤལ་དང་ ཚོང་འབྲེལ་ཚུ་ རྒྱ་ཆེཝ་སྦེ་ར་ གོང་འཕེལ་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རེ་ལི་རྒྱུན་ལམ་ལུ་བརྟེན་ དོ་འབག་ནི་ལུ་ གདོང་ལེན་མེད་པའི་ཁར་ མི་སེར་ཚུ་གིས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ནི་དང་ རྒྱལ་ཁབ་གཉིས་ཀྱི་བར་ན་ མོས་མཐུན་རྩ་བརྟན་བཟོ་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ རྒྱ་གར་གྱི་བློན་ཆེན་ མཱན་མོ་ཧཱན་སིང་གིས་ འབྲུག་ལུ་ ལྟ་སྐོར་འོང་བའི་སྐབས་ལུ་ ནཱེ་རུ་ལོ་ངོ་༥༠འཁོར་བའི་དུས་དྲན་ལུ་ རེ་ལི་རྒྱུན་ལམ་བཟོ་སྐྲུན་འབད་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
རེ་ལི་རྒྱུན་ལམ་ལས་འགུལ་གྱི་དོན་ལུ་ འཆར་དངུལ་ཚུ་ག་ར་ མཐའ་བཅད་སོང་ཡོདཔ་སྦེ་ཨིན་པས།
རྒྱ་འབྲུག་གཉིས་ཀྱི་བར་ན་ རེ་ལི་རྒྱུན་ལམ་མཐུད་སྦྲེལ་གྱི་ མཚན་རྟགས་དེ་ སྤྱི་ལོ་༢༠༠༥ ལུ་ བཀོད་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།