༉ ན་ཧིང་གི་ལོ་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༩ པའི་ནང་འཁོད་ལུ་ རྒྱ་གར་དང་ རྒྱལ་ཁབ་གཞན་ཚུ་ནང་ གློག་ཤུགས་དང་ མཁོ་ཆས་གཞན་གྱི་རིགས་ ཕྱིར་ཚོང་འཐབ་མི་ཚུ་བརྩིས་ཏེ་ ཕྱིར་ཚོང་བརྒྱ་ཆ་༡༣ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ནང་འཁོད་ལུ་ ཕྱིར་ཚོང་གྱི་འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༤༦.༨ ལུ་ལྷོད་ཡོདཔ་ད་ དེ་ཡང་ ན་ཧིང་ དངུལ་ཀྲམ་ཐེར་འབུམ་༥.༣༢ སྦེ་ཡོདཔ་བཞིན་དུ་ དུས་ཅི་གི་ཕྱིར་ཚོང་དེ་ ནད་ཡམས་མ་ཐོན་པའི་གནས་ཚད་ལས་ཡང་ མཐོ་སུ་སྦེ་ ཡར་སེང་སོང་ཡོདཔ་ཨིན་པས།
རྒྱ་གར་རྒྱལ་ཁབ་དེ་ འབྲུག་དང་གཅིག་ཁར་ ཚོང་འབྲེལ་འཕྲོ་མཐུད་འབད་མི་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིནམ་ད་ དེ་ཡང་ ཕྱིར་ཚོང་བརྒྱ་ཆ་༨༠ ཡོད་མི་གིས་ དངུལ་ཀྲམ་ཐེར་འབུམ་༣༧.༣༨ བཟོ་དོ་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༢༠ དེ་ བང་ལ་དེཤ་ ཨི་ཊ་ལི་ ནེ་པཱལ་ དེ་ལས་ རྒྱ་ནག་རྒྱལ་ཁབ་ཚུ་ནང་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཕྱིར་ཚོང་གི་ འཕེལ་ཚད་རྒྱ་ཆེཝ་སྦེ་འགྱོ་མི་གིས་ འོང་འབབ་བཟོ་ནི་ལུ་ ཕན་ཐོགས་སྦོམ་ར་བྱུང་ཡོདཔ་བཞིན་དུ་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་མི་གིས་ འོང་འབབ་ཚུ་རུ་པི་ནང་ འོང་དོ་ཡོད་རུང་ རྒྱལ་ཁབ་གཞན་ཚུ་ནང་ ཕྱིར་ཚོང་འཐབ་མི་གིས་ འོང་འབབ་དེ་ ཡུ་ཨེས་ཌི་ནང་འོང་དོ་ཡོདཔ་སྦེ་ཨིན་པས།
རྒྱ་གར་རྒྱལ་ཁབ་ནང་ གློག་མེ་ཕྱིར་ཚོང་དེ་ རྒྱ་ཆེ་ཤོས་སྦེ་ཡོདཔ་ད་ དུས་ཅི་གི་ལོ་ནང་ ཕྱིར་ཚོང་བརྒྱ་ཆ་༥.༣ ཡར་འཕར་སོང་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ནང་འཁོད་ལུ་ གློག་མེའི་ནུས་ཤུགས་ཡུ་ནིཊ་ས་ཡ་༤,༤༡༩.༦༩ ཐོན་སྐྱེད་འབད་མི་གིས་ དངུལ་ཀྲམ་ཐེར་འབུམ་༡༥.༢༥ བཟོ་ཡོདཔ་ད་ ན་ཧིང་གི་ལོ་ནང་འབད་བ་ཅིན་ གློག་མེ་ནུས་ཤུགས་ཕྱིར་ཚོང་འཐབ་མི་ལས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༤.༤༨ བཟོ་ཡོདཔ་སྦེ་ཨིན་པས།
འབྲུག་ལུ་ཕྱིར་ཚོང་གི་ འོང་འབབ་གཉིས་པ་བཟོ་མི་དེ་ ཕེ་རོ་སི་ལི་ཀོན་ཨིནམ་བཞིན་དུ་ དེ་གིས་ དངུལ་ཀྲམ་ཐེར་འབུམ་༡༣.༧༧ ལས་ ཐེར་འབུམ་༡༡.༠༧ ལུ་མར་བབས་དང་ རྡོ་ཕྱིར་ཚོང་གིས་ དངུལ་ཀྲམ་ཐེར་འབུམ་༡.༦༡ ལས་ ཐེར་འབུམ་༢.༥ དང་ རྡོ་ཌོ་ལོ་མ་ཡེཊ་དེ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༢.༦༨ དང་ཕྱདཔ་ད་ ཐེར་འབུམ་༡.༩ ལུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་ནི་དེ་ འབྲུག་གི་ཚོང་འབྲེལ་ཆ་རོགས་གཉིས་པ་ཨིནམ་ད་ དུས་ཅི་ སྤྱི་ཟླ་༩ པའི་ནང་འཁོད་ལུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༤.༤༣ ལུ་ལྷོད་ཡོདཔ་ད་ ཕྱིར་ཚོང་གི་གཙོ་རིམ་ཅན་ཚུ་ཡང་ རྡོ་དང་ ཨ་ལེན་ཅི་ ཨེ་པཱལ་ ཚལ་ལུ་ སྔོ་ལྗང་གི་ཇ་ ཤིང་འབྲས་ཀྱི་ཁུ་བ་ དེ་ལས་ གཏེར་ཁ་གཞན་གྱི་རིགས་ཚུ་ཡོདཔ་ཨིན་པས།
འབྲུག་ལས་ ཨི་ཊ་ལི་ལུ་ ཕེ་རོ་སི་ལི་ཀོན་རྐྱངམ་གཅིག་ ཕྱིར་ཚོང་འཐབ་དོ་ཡོདཔ་ད་ ཇིབ་སམ་དང་ སྤོས་ལ་སོགས་པ་ཚུ་ ནེ་པཱལ་ཚུ་ནང་ ཕྱིར་ཚོང་འཐབ་དོ་ཡོདཔ་བཞིན་དུ་ རྒྱ་ནག་ལུ་འབད་བ་ཅིན་ ཚོན་གྱི་རིགས་དང་ ལག་བཟོ་གི་ཅ་ཆས་ དེ་ལས་ ཕེ་རོ་སི་ལི་ཀཱོན་ཚུ་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ གསལ་སྟོན་འབད་དོ་བཟུམ་ འབད་བ་ཅིན་ འབྲུག་གིས་ ལུང་ཕྱོགས་དང་ རྒྱལ་སྤྱི་ཚོང་འབྲེལ་ནང་ འབྲེལ་མཐུན་ཚད་ཅིག་མ་གཏོགས་མེདཔ་ད་ ཕྱིར་ཚོང་འཐབ་མི་ཚུ་ལུ་ གཞི་རྟེན་མཁོ་ཆས་ཚད་ཅིག་མ་གཏོགས་མེད་མི་དང་ ཚོང་འབྲེལ་ནང་ བརྡ་དོན་ལངམ་སྦེ་ ཐོབ་མ་ཚུགས་མི་མཚོ་གྲུ་དང་ གནམ་ཐང་གི་མཐུན་རྐྱེན་མེད་མི་ བརྒྱུད་འབྲེལ་ཚུ་མེདཔ་མ་ཚད་ ས་ཐོག་གི་སྐྱེལ་འདྲེན་ཚུ་ཡང་ མིན་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༢༢ ལུ་ འབྲུག་དེ་ ལྷོ་ཨེ་ཤི་ཡ་གི་རྒྱལ་ཡོངས་ནང་ གནས་ཚད་ཨང་རིམ་གཉིས་པའི་ གྲངས་སུ་ཚུད་མི་དེ་ ནང་འདྲེན་དང་ ཕྱིར་ཚོང་གི་གནས་གོང་མཐོ་སུ་སྦེ་ ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ནང་འཁོད་ཀྱི་ གདོང་ལེན་དེ་ གློག་མེ་བཀྲམ་སྤེལ་དང་ མཁོ་ཆས་གཞན་ཚུ་ ཚུལ་ལྡན་མེད་པའི་ཁར་ ཅ་དམ་དང་ བདག་སྐྱོང་གི་བྱ་རིམ་ནང་ ལཱ་ཚུ་ཡུན་འགྱངས་ཐོག་ འབད་དོ་ཡོདཔ་ཨིན་པས།
ཚོང་འབྲེལ་དེ་ རྒྱ་གར་ནང་ཡོདཔ་ད་ ཚོང་འབྲེལ་ཁང་གཞན་༢༧ དེ་ཅིག་ནང་འབད་བ་ཅིན་ ཚད་ཅིག་མ་གཏོགས་ ལྷོད་མ་ཚུགས་མི་གིས་ འཆར་གཞི་༡༣ པའི་ གྲོས་འདེབས་ཡིག་ཆ་དང་འཁྲིལཝ་ད་ ཚོང་འབྲེལ་གྱི་དོན་ལུ་ རྒྱུན་འབྲེལ་ཚུ་ ཡར་སེང་འབད་དེ་ ཕྱིར་ཚོང་གི་ས་ཁོངས་ཚུ་ རྒྱ་སྐྱེད་འབད་དགོཔ་སྦེ་ ཡོདཔ་ཨིན་པས།
ད་རུང་ གྲོས་འདེབས་གཞན་མིའི་ནང་ ཚོང་འབྲེལ་ཁང་གསརཔ་དང་ ཕན་ཚུན་གྱི་མཐུན་འབྲེལ་རྩ་བརྟན་བཟོ་ནི་ ཕྱོགས་མང་མཐུན་འབྲེལ་ དེ་ལས་ ལུང་ཕྱོགས་ནང་ཚོང་འབྲེལ་གྱི་ འབྲེལ་བ་ཡོདཔ་བཟོ་ནི་གིས་མ་ཚད་ གསར་བཏོད་ཅན་གྱི་ཕྱིར་ཚོང་དང་ ཞབས་ཏོག་ཚུ་ གོང་འཕེལ་གཏང་དགོཔ་སྦེ་ ཡོདཔ་ཨིན་པས།
གཞན་ཡང་ བཟོ་གྲྭ་ཁང་གསརཔ་དང་ ཧེ་མ་ལས་ཡོད་མི་གཉིས་ཆ་རའི་ཁ་ཐུག་ལས་ རྒྱབ་སྐྱོར་དགོ་པའི་ཁར་ བློ་རིག་རྒྱུ་དངོས་ཐོ་བཀོད་འབད་ནི་ ལ་སོགས་པ་ཚུ་གིས་ ཡར་འཕེལ་དང་ དོ་འགྲན་ཚུ་ འབྱུང་ཚུགས་ཟེར་ཨིན་པས།
ཕྱིར་ཚོང་ཡར་རྒྱས་བཏང་ནིའི་དོན་ལུ་ གཞུང་གིས་ འབྲུག་པའི་ཐོན་སྐྱེད་ཚུ་ ཐབས་བྱུས་ཅན་གྱི་ཚོང་འབྲེལ་དང་ ལུང་ཕྱོགས་ཚུ་ནང་ གཞི་བཙུགས་འབད་ནི་ རྒྱལ་སྤྱིའི་ནང་ཚོང་འབྲེལ་འཐབ་ནི་ ཕྱིར་ཚོང་གི་དོན་ལུ་ གཞི་རྟེན་མཁོ་ཆས་ཚུ་ ལེགས་བཅོས་འབད་ནིའི་ ཁས་བླངས་འབད་ཡོདཔ་ད་ འཆར་གཞིའི་ནང་ དོས་སྐྱེལ་མཁའ་འགྲུལ་དང་ བསིལ་མཛོད་ཁང་ དེ་ལས་ ཚོང་སྒྱུར་ས་ཁོངས་ཚུ་ རྫོང་ཁག་ནང་ གཞི་བཙུགས་འབད་ནི་ཟེར་ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement