༉ མ་འོངས་པའི་ལོ་ཚུ་ནང་ དམིགས་བསལ་དུ་ ཆུར་བརྟེན་གློག་མེ་ལས་འགུལ་ཆུང་བ་ ལེ་ཤ་གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་མི་དང་འབྲེལ་ རྒྱལ་ཁབ་ནང་ གློག་མེ་དང་འབྲེལ་བའི་ བུ་ལོན་ཡར་སེང་འགྱོ་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
གཞུང་གིས་ གློག་མེ་དང་ རང་བཞིན་ནུས་ཤུགས་ཀྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༣༡༠ བགོ་བཀྲམ་འབད་མི་དེ་ཡང་ འཆར་གཞི་༡༣ པའི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༥༡༢ ལས་ མེདཔ་ཨིན་པས།
འདས་པའི་ལོ་ཚུ་ལས་ འགོ་བཙུགས་ཏེ་ རྒྱལ་ཁབ་ནང་ གློག་མེ་དང་འབྲེལ་བའི་ བུ་ལོན་ཡར་འཕར་སོང་ཡོདཔ་ད་ ཨིན་རུང་ དེ་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ བགོ་བཤའ་དེ་ མར་བབས་སོང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ནང་འཁོད་ལུ་ གློག་མེའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༦༧.༥ ཡོད་མི་དེ་ ཕྱིའི་བུ་ལོན་ཡོངས་བསྡོམས་ལས་ བརྒྱ་ཆ་༦༤.༡ དང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ཚོད་རྩིས་བཏོན་མི་ལས་ བརྒྱ་ཆ་༦༢.༨ ཨིན་པས།
གློག་མེའི་བུ་ལོན་ཚུ་ཡང་ མང་སྡེ་ཆུ་གློག་མེ་ལས་འགུལ་དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་༢ པ་ ནི་ཀ་ཆུ་ དར་དཀར་ཆུ་ དེ་ལས་ བ་སོ་ཆུ་གློག་མེ་ལས་འགུལ་ཚུ་གི་ཨིན་པས།
སྤྱི་ལོ་༢༠༢༡ ཟླ་༣ པའི་ནང་ གློག་མེ་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༦༠.༠༤ ཡོད་ལས་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༡༦༢.༢ དེ་ལས་ སྤྱི་ལོ་༢༠༢༣ ཟླ་༣ པའི་ ནང་འཁོད་ལུ་ གློག་མེའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༦༧.༧༤ ལུ་ ཡར་འཕར་སོང་ནུག།
ན་ཧིང་ སྤྱི་ཟླ་༣ པའི་ ནང་འཁོད་ལུ་ བུ་ལོན་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ཚོད་རྩིས་ལས་ བརྒྱ་ཆ་༨༢.༨ དང་ ཕྱིའི་བུ་ལོན་ཡོངས་བསྡོམས་ལས་ བརྒྱ་ཆ་༦༩.༦ ཨིན་པས།
འཕྲལ་ཁམས་ཅིག་ཁར་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་གིས་ གློག་མེ་ལས་འགུལ་གཞི་བཙུགས་འབད་མི་གིས་ གློག་མེ་ལས་འགུལ་གོང་འཕེལ་གཏང་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།
གློག་མེ་ལས་འགུལ་ གཞི་བཙུགས་འབད་ནི་གི་ ཁ་གསལ་བརྟག་ཞིབ་སྙན་ཞུ་ མཇུག་བསྡུ་བའི་ཤུལ་ལས་ ལས་འགུལ་ཚུ་ གང་མགྱོགས་སྦེ་ གཞི་བཙུགས་དགོཔ་ད་ གཞུང་གིས་ མཁོ་ལོང་ཆུ་དང་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ དངུལ་རྩིས་ལྷན་ཁག་གིས་ དངུལ་འབྲེལ་གྱི་ ཐབས་ལམ་ཚུ་གི་ ལཱ་འབད་དོ་ཡོདཔ་ཨིན་པས།
ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ ཆུར་བརྟེན་གློག་མེ་ལས་འགུལ་ཆུང་ཀུ་ལེ་ཤ་དང་ ཉི་དྲོད་ དེ་ལས་ ཐར་མཱ་ནུས་ཤུགས་བརྩིས་ཏེ་ ནུས་ཤུགས་སླ་བསྲེ་སྣ་མང་གི་ ལཱ་ཡང་འབད་དོ་ཟེར་ཨིན་པས།
གཞུང་གིས་ ཡུང་གི་ཆུ་དང་ བུར་སྒང་ཅུ་ ཇོ་མོ་རི་ གམ་རི་ཆུ་དང་པ་ བིན་དུ་དང་པ་དང་༢ པ་ བོད་སྒར་ནང་བརྩིས་ཏེ་ གློག་ཤུགས་མེ་ག་ཝཱཊ་༣༦༥ དང་ མེ་ག་ཝཱཊ་༡,༨༠༠ འབད་མི་ གོང་རི་-བི་རི་ཆུ་ལུ་ ཆུ་འཐེན་མཛོད་ལས་འགུལ་ཚུ་ འགོ་བཙུགས་ཏེ་ ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ མེ་ག་ཝཱཊ་༥༠༠ འབད་མི་ ཉི་དྲོད་དང་ མེ་ག་ཝཱཊ་༢༣ འབད་མི་ རླུང་གི་ནུས་ཤུགས་ལས་འགུལ་ གཞི་བཙུགས་འབད་ནི་གི་ ལས་རིམ་ཡོདཔ་ཨིན་པས།
ལས་སྐྱིད་རྡོ་རྗེ་དང་འཁྲིལ་བ་ཅིན་ གློག་མེའི་བུ་ལོན་དེ་ལུ་ འདྲོག་བྱེལ་མ་འཐབ་མི་དེ་ཡང་ མང་ཤོས་ར་ སྐྱེད་དེ་བརྒྱ་ཆ་༡ འོག་རྒྱུ་དང་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཡང་ ལོ་༤༠ ཡོདཔ་བཞིན་དུ་ སྐྱིན་འགྲུལ་ཚུ་ཡང་ གློག་མེ་ལས་འགུལ་ཚུ་གིས་ བཏབ་ཚུགས་ནི་ལུ་བརྟེན་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ སྤྱི་ལོ་༢༠༡༦ ལུ་ མི་མང་བུ་ལོན་སྲིད་བྱུས་ བཟོ་བའི་ཤུལ་ལས་ སྤྱི་ལོ་༢༠༢༣ ལུ་ རྒྱལ་ཁབ་ཀྱི་བུ་ལོན་ ཚད་འཛིན་དང་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
མི་མང་བུ་ལོན་འཛིན་སྐྱོང་སྲིད་བྱུས་༢༠༢༣ དང་འཁྲིལ་བ་ཅིན་ ཆུར་བརྟེན་གློག་མེ་མིན་པའི་ བུ་ལོན་ཚུ་ ལོ་བསྟར་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༥༥ བརྒལ་མི་འོང་ནི་ཨིན་པས།
གློག་མེ་མིན་པའི་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༩༣.༦༢ ཡོད་མི་དེ་ ཕྱིའི་བུ་ལོན་ཡོངས་བསྡོམས་ལས་ བརྒྱ་ཆ་༣༥.༩ དང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༣༥.༡ ཨིན་པས།
འཆར་གཞི་༡༣ པའི་ནང་ གཞུང་གིས་ སྤྱི་ལོ་༢༠༢༩ ནང་འཁོད་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ གཉིས་བལྟབ་སྦེ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༥ ལུ་ ཡར་སེང་འབད་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།
ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡར་འཕར་སོངམ་དང་འབྲེལ་ གཞུང་གིས་ སྐྱིན་འགྲུལ་ལེན་ནི་གི་ ས་གོ་མངམ་དང་ མི་སེར་ཚུ་གིས་ ཟད་འགྲོ་མངམ་གཏང་དགོཔ་བྱུང་སྟེ་ ནང་འཁོད་ཐོན་སྐྱེ་ཡོངས་འབོར་དེ་ ལྷག་པར་དུ་ ཡར་འཕར་འགྱོ་ནི་ཨིན་པས།
ཨིན་རུང་ ཐོན་སྐྱེད་མང་ཤོས་ཅིག་ ཕན་ནུས་ཅན་གྱི་ ལས་སྡེ་ཚུ་ནང་ བགོ་བཀྲམའ་འབད་དགོཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ནང་ རྒྱལ་ཡོངས་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༢༩༣.༠༩ དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༡༠༩.༨ དང་ འདྲན་འདྲ་ཨིནམ་ད་ ཕྱིའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢༦༡.༡༢ དང་ ནང་འཁོད་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༣༩.༩༧ ལུ་ ཡར་འཕར་སོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement