༉ ན་ཧིང་ ལོ་མཇུག་ཁམས་ལུ་ གློག་ཤུགས་མེ་ག་ཝཊི་༡༡༨ འབད་མི་ ནི་ཀ་ཆུ་གློག་མེ་ལས་འགུལ་གྱིས་ གློག་མེ་ཐོན་སྐྱེད་འབད་ནི་ འགོ་བཙུགས་ཡོད་རུང་ ཆར་ཆུ་སྐྱོན་པའི་ དུས་ཚོད་ལུ་ འདས་པའི་ལོ་དང་ཕྱདཔ་ད་ གློག་མེ་ནང་འདྲེན་དེ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢ ཟླ་༡༢ པ་ལས་ སྤྱི་ལོ་༢༠༢༣ ཟླ་༣ པ་ཚུན་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ དངུལ་ཀྲམ་ཐེར་འབུམ་༡.༧༥ གནས་པའི་ གློག་མེ་ཡུ་ནིཊ་ས་ཡ་༣༦༧.༡༧ ནང་འདྲེན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༣ ཟླ་༡༢ པ་ལས་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༣ གྱི་ནང་འཁོད་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ འཐུས་དང་བརྗེ་སོར་བརྩིས་ཏེ་ དངུལ་ཀྲམ་ཐེར་འབུམ་༦.༠༧ ཐོག་ལུ་ རྒྱ་གར་ནུས་ཤུགས་བརྗེ་སོར་ལས་ གློག་ཤུགས་ མེ་ག་ཝཊི་༡,༤༤༧ ནང་འདྲེན་འབད་ནུག།
ལས་འཛིན་གྱིས་ གློག་མེ་ཡང་ ནུས་ཤུགས་བརྗེ་སོར་ལས་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༡.༢ དང་༡༠ ཐོག་ལས་ ནང་འདྲེན་འབད་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་ལས་ གློག་མེ་ཕྱིར་ཚོང་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་འབྲུག་གིས་ དངུལ་ཀྲམ་ཐེར་འབུམ་༢༤.༢ གནས་པའི་ གློག་མེ་ཕྱིར་ཚོང་འཐབ་ཡོད་རུང་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༢༢.༤༧ ལས་བརྒལ་ གློག་མེ་ཕྱིར་ཚོང་མ་འབད་བར་ཡོདཔ་ཨིན་པས།
ན་ཧིང་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡༦.༦༧ གནས་པའི་ གློག་མེ་ཕྱིར་ཚོང་འཐབ་ནུག།
ཨིན་རུང་ གློག་མེ་ཉོ་སྒྲུབ་གན་ཡིག་དང་ འཁྲིལ་བ་ཅིན་ ནི་ཀ་ཆུ་གློག་མེ་ལས་འགུལ་གྱིས་ ཐོན་སྐྱེད་དེ་ ནང་འཁོད་ལུ་ བརྒྱ་ཆ་༣༢ མ་གཏོགས་ བརྒྱ་ཆ་༦༠ རྒྱ་གར་ལུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་འཛིན་གྱིས་ ཟླཝ་༦ མ་ལངམ་ཅིག་ གློག་མེ་ནང་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༣ ཟླ་༡༢ པ་ལས་ སྤྱི་ལོ་༢༠༢༤ ཟླ་༥ པ་ཚུན་ཨིན་པས།
ཧེ་མ་འབད་བ་ཅིན་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ཟླཝ་༣ རྐྱངམ་གཅིག་ གློག་མེ་ནང་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ལུ་ ཟླཝ་༤ གི་ ཡར་སེང་སོང་ཡོདཔ་ད་ ནང་འཁོད་ལུ་ གློག་མེ་མཁོ་འདོད་བཀོད་མི་ ཡར་འཕར་དང་ གློག་མེ་ཐོན་སྐྱེད་མངམ་འབད་ནི་མེདཔ་ལས་ ནང་འདྲེན་ཡར་སེང་ འགྱོ་དོ་ཡོདཔ་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ གློག་མེ་ནང་འདྲེན་ རྒྱ་ཆེ་དྲག་སྦེ་ ཡར་སེང་སོང་མི་དེ་ཡང་ གློག་མེ་ཤུགས་ཚད་མཐོ་ཤོས་ མཁོ་འདོད་བཀོད་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ འབྲུག་ལུ་ གློག་མེ་ཐོན་སྐྱེད་གནས་སྟངས་དང་འཁྲིལ་ཏེ་ སྤྱི་ཟླ་༤ པ་ལས་ གློག་མེ་ཐོན་སྐྱེད་ ཡར་སེང་འགྱོ་ནི་ཨིན་རུང་ ཆུ་དཔྱད་ཀྱི་ གནས་སྟངས་ནང་བལྟ་བ་ཅིན་ གཙང་ཆུ་སྦོམ་མི་འགྱོ་ནི་བཟུམ་ཅིག་ཡོདཔ་ཨིན་པས།
ནུས་ཤུགས་ཁྱད་པར་བསུབས་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༥ པ་ཚུན་ གློག་མེ་འཕྲོ་མཐུད་དེ་ར་ ནང་འདྲེན་འཐབ་དགོཔ་ བྱུང་ཡི་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གལ་སྲིད་ ཆུ་དཔྱད་ཀྱི་ གནས་སྟངས་ཡར་དྲག་མ་འགྱོ་བ་ཅིན་ གློག་མེ་དེ་ སྤྱི་ཟླ་༥ པའི་ བདུན་ཕྲག་༣ པ་ཚུན་ ནང་འདྲེན་འཐབ་དགོཔ་ འབྱུང་ནི་ཨིནམ་མ་ཚད་ ཆར་མ་རྐྱབ་པར་ སྡོད་པ་ཅིན་ ཟླཝ་༥ པ་ མཇུག་མ་བསྡུ་ཚུན་ གློག་མེ་ནང་འདྲེན་འཐབ་དགོཔ་ འོང་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༣ ཚུན་ གློག་མེ་འཕྲུལ་ཁང་ག་ར་གིས་ སྤྱིར་སྙོམས་ནང་ ཉིན་བསྟར་གློག་མེ་ཐོན་སྐྱེད་མཐོ་ཤོས་ མེ་ག་ཝཊི་༨༣༦ ཨིནམ་བཞིན་དུ་ སྤྱིར་བཏང་ ཉིན་བསྟར་གློག་མེ་ཐོན་སྐྱེད་དེ་ མེ་ག་ཝཊི་༧༦༢ ཨིན་པས།
གློག་མེ་འཕྲུལ་ཁང་ཚུ་ཡང་ དར་ལ་དང་ ཀུར་རི་ཆུ་ ཆུ་ཁ་ བ་སོ་ཆུ་ མང་སྡེ་ཆུ་ དར་དཀར་ཆུ་ དེ་ལས་ ནི་ཀ་ཆུ་གློག་མེ་ལས་འགུལ་ཚུ་ཨིན་པས།
འབྲུག་གིས་ གློག་མེ་ཡང་ རིན་བསྡུར་བྱ་རིམ་ཐོག་ལས་ རྒྱ་གར་ལས་ ནང་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ རྒྱ་གར་ནུས་ཤུགས་བརྗེ་སོར་ནང་ སྤྱིར་སྙོམས་ཀྱི་ ཨེམ་སི་པི་གོང་ཚད་དེ་ མཐོ་ཤོས་ར་ ཡུ་ནིཊ་རེ་ལུ་ རུ་པི་༨.༩༩ ལྷོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement