༉ གསོ་བའི་ལྷན་ཁག་གིས་ རྒྱལ་ཡོངས་ལུ་ གསོ་བའི་བརྟག་དཔྱད་ལས་ཅིག་ འགོ་འདྲེན་འབད་བའི་སྐབས་ རྒྱལ་ཁབ་ནང་ མ་འབུ་བའི་ནད་གཞི་ཚུ་ལུ་ གདོང་ལེན་འབད་མི་དེ་ ཚ་གྱང་ཅན་ཅིག་སྦེ་ གསལ་སྟོན་འབད་ནུག།
ན་ཧིང་ སྤྱི་ཟླ་༡༡ པ་ལས་༡༢ ཚུན་ བདུན་ཕྲག་༣ གྱི་རིང་ འགོ་འདྲེན་འཐབ་མིའི་ལས་རིམ་ནང་ འབྲུག་པའི་ མི་སེར་ཚུ་གིས་ མ་འབུ་བའི་ནད་གཞི་ ཁྲག་ཤུགས་དང་ གུ་རམ་ནད་ ཚད་ལས་བརྒལ་ཏེ་ ཉམས་རྒྱགས་ནི་ དེ་ལས་ དོན་ཧིང་དང་འབྲེལ་བའི་ ནད་གཞིའི་ཉེན་ཁ་ཡོད་པའི་ མངོན་གསལ་བྱུང་ནུག།
ཞིབ་རྟོག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྐྱེས་ལོ་༡༨ ཡན་ཆད་འབད་མི་༢༡༦,༠༩༦ ལུ་ ཁྲག་ཤུགས་དང་ གུ་རམ་ནད་ དེ་ལས་ གཟུགས་ཀྱི་ཉམས་ཚད་ཚུ་ བརྟག་དཔྱད་འབད་མིའི་གྲས་ལས་༥༢,༣༩༩ ལུ་ ཁྲག་ཤུགས་དང་༢༣,༣༤༠ ལུ་ གུ་རམ་གྱི་ནད་གཞི་ཐོབ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ཨིན་རུང་ གྱངས་ཁ་དེ་ཡང་ སྔོན་འགྲོའི་གནས་སྡུད་ཨིནམ་ད་ བརྟག་དཔྱད་འབད་བའི་སྐབས་ ནད་ཡོདཔ་སྦེ་ བདའ་ཟུན་མི་ཚུ་ སྨན་ཁང་ཚུ་ནང་ གཏན་འཁེལ་སྦེ་ བརྟག་དཔྱད་འབད་ནིའི་དོན་ལུ་ བཏང་ཡོདཔ་ཨིན་པས།
བརྟག་དཔྱད་ཀྱི་ ཞིབ་རྟོག་ཚུ་ རྒྱལ་ཡོངས་གསོ་བའི་བརྟག་ཞིབ་༢༠༢༣ གྱི་ གནས་སྡུད་དང་ མཐུན་སྒྲིག་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༩ ལུ་ ཁྲག་ཤུགས་ཐོབ་མི་ བརྒྱ་ཆ་༢༨ ལས་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༣༠.༣ ལུ་ ཡར་སེང་སོང་ཡོདཔ་སྦེ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ལས་རིམ་སྐབས་ འབྲུག་མི་༩༠,༡༡༥ ལུ་ གཟུགས་ཀྱི་ལྗིད་ཚད་ལས་བརྒལ་ཏེ་ཡོདཔ་ལས་ མ་འབུ་བའི་ནད་གཞི་གཞན་ཚུ་ འཐོབ་ནིའི་ཉེན་ཁ་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
མ་འབུ་བའི་ནད་གཞི་ཚུ་གི་ ཉེན་ཁ་གཙོ་བོ་ར་ ཏམ་ཁུ་དང་ ཆང་ལག་ལེན་ དེ་ལས་ ཕན་ཐོགས་མེད་པའི་ བཞེས་སྒོ་ཚུ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ འབུ་ནད་མེད་པའི་ནད་གཞི་ གཙོ་བོ་༤ པོ་དེ་ཡང་ དོན་ཧིང་དང་ གཟེར་ནད་ ཀེན་སར་ གུ་རམ་ནད་ དེ་ལས་ གློཝ་ནད་ཐོབ་སྟེ་ ཡུན་རིང་ལང་མི་ཚུ་ཨིན་པས།
གནས་སྡུད་དང་འཁྲིལ་བ་ཅིན་ བསམ་རྩེ་ལུ་ འབུ་ནད་མེད་པའི་ནད་གཞི་གི་ཉེན་ཁ་ མཐོ་ཤོས་ཅིག་སྦེ་ གསལ་སྟོན་འབད་དེ་ཡོདཔ་བཞིན་དུ་ ཁྲག་ཤུགས་ཐོབ་མི་༦,༤༨༡ དང་ གུ་རམ་ཚད་གཞི་ལས་བརྒལ་མི་༣,༢༧༢ དེ་ལས་ གཟུགས་ཀྱི་ལྗིད་ ཚད་ལས་བརྒལ་མི་༩༦༨༡ ཐོ་བཀོད་འབད་ནུག།
སྤུ་ན་ཁ་ལུ་ དོན་ཧིང་དང་འབྲེལ་བའི་ ནད་གཞི་ཡོད་མི་༣༣༨ ཐོ་བཀོད་འབད་མི་དེ་ རྫོང་ཁ་གཞན་དང་ཕྱདཔ་ད་ གསུམ་ལྟབ་ཅིག་ཨིན་པས།
གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ འདས་པའི་དྲི་བ་དྲིས་ལན་སྐབས་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་འགྱོ་བའི་བསྒང་ཡོདཔ་བཞིན་དུ་ མི་རློབས་ཡང་ ཡར་འཕར་འགྱོ་དོ་ཟེར་ཨིན་པས།
སྐྱེལ་འདྲེན་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་མི་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་གྱི་ལཱ་ཚུ་ མར་བབས་སོང་ཡོད་པའི་ཁར་ བཞེས་སྒོའི་གོམས་གཤིས་ཚུ་ཡང་ འཕྲོད་བསྟེན་ལུ་ ཕན་ཐོགས་མེད་པའི་ གདམ་ཁ་ཚུ་ལུ་ གྱུར་ཏེ་འདུག་ཟེར་ གསོ་བ་བློན་པོ་གིས་ བཤདཔ་ཨིན་པས།
ཉེན་ཁ་ཅན་གྱི་ རྒྱུ་རྐྱེན་གཙོ་བོ་ཚུ་ཡང་ ཏམ་ཁུ་དང་ ཆང་འཐུང་མི་ ལུས་སྦྱོང་མ་འབད་མི་ དེ་ལས་ འཕྲོད་བསྟེན་ལུ་ ཕན་ཐོགས་མེད་པའི་བཞེས་སྒོ་ཚུ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ དེ་གིས་ འབུ་ནད་མེད་པའི་ནད་གཞི་ དོན་ཧིང་ནད་དང་ གཟེར་ནད་ ཀེནསར་ གུ་རམ་ལ་སོགས་པ་ཚུ་ ཐོབ་དོ་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གིས་ བརྟག་དཔྱད་ལས་རིམ་དེ་ ཉེན་ཁ་ཅན་གྱི་མི་ངོམ་ཚུ་ ངོས་འཛིན་འབད་ནི་རྐྱངམ་གཅིག་མེན་པར་ མི་མང་ལུ་ མ་འབུ་བའི་ནད་གཞི་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་དང་ དེ་ཚུ་ལས་ བཀག་ཐབས་འབད་ནིའི་ དོན་ལུ་ཡང་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ནད་གཞི་དེ་ཚུ་ལུ་བརྟེན་ ཤི་རྐྱེན་གྱི་ཚད་གཞི་ མར་ཕབ་འབད་ཐབས་ལུ་ དུས་ཚོད་ཁར་ བརྟག་དཔྱད་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ད་རེས་ནངས་པ་ སྨན་ཁང་ནང་ འོང་མི་རྒས་ཤོས་ཚུ་ལུ་ མ་འབུ་བའི་ནད་གཞི་ཚུ་ བརྟག་དཔྱད་འབད་ནིའི་ གོ་སྐབས་བྱིན་དོ་ཡོདཔ་ད་ འབུ་ནི་མེད་པའི་ ནད་གཞིའི་ཉེན་ཁ་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ཡང་ ཡར་དྲག་གཏང་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།