༉ སྤྱི་ལོ་༢༠༢༣ དང་༢༠༢༤ གི་བར་ན་ འབྲུག་མི་ནག་ཚོང་འཐབ་སྟེ་ ཉམས་རྒུད་བྱུང་མིའི་གྲངས་སུ་༣༨ ལོག་རྒྱལ་ཁབ་ནང་ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༣ ལུ་ མི་༧ དང་ སྤྱི་ལོ་༢༠༢༤ ལུ་ མི་༣༡ རྒྱལ་ཁབ་ནང་ ལོག་ལྷོད་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ ཀ་ཊར་དང་ ཕི་ལི་པིནསི་ རྒྱ་གར་(ཇའེ་པུར་དང་ ཅན་ཌི་གརཐི) དེ་ལས་ ཐའེ་ལེནཌི་ལས་ལས་ ལོག་ལྷོད་མི་ཚུ་ཨིན་པས།
བཀའ་ཁྲིམས་བཀོད་ཚོགས་ལས་ཁུངས་ཀྱི་གཙོ་འཛིན་ ཀརྨ་རྡོ་རྗེ་གིས་འབད་བ་ཅིན་ མི་གྲངས་༣༨ ལོག་རྒྱལ་ཁབ་ནང་ ལྷོད་མི་ཚུ་ མི་ནག་ཚོང་འཐབ་པའི་དོགས་པ་ཡོད་མི་ཚུ་ཨིན་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ ཆོག་ཐམ་མེད་པའི་ ལས་ཚབ་ཚུ་གིས་ ལཱ་གཡོག་ནང་ འཛུལ་ཞུགས་འབད་བཅུག་མི་དང་ ལཱ་གཡོག་ནང་ དུས་ཡུན་ཆུ་ཚོད་རིངམོ་སྦེ་ ལཱ་འབད་བཅུག་མི་ དངུལ་ཕོགས་ཚུ་ ཧེ་མའི་ཁ་ཚིག་དང་བསྟུན་མ་བྱིན་མི་ ལམ་འགྲུལ་ཆོག་ཐམ་འཕྱོག་བཞག་མི་ ཕར་ཚུར་བཤལ་མ་བཅུག་པར་བཞག་མི་ དེ་ལས་ གལ་སྲིད་རང་གི་རྒྱལ་ཁབ་ནང་ ལོག་འགྱོ་བ་ཅིན་ དངུལ་འབྲེལ་གྱི་ ཉེས་ཆད་ཐེབས་བཀལ་ནི་ཨིན་ལུགས་ཀྱི་ འཇིགས་སྐུལ་འབད་མི་ཚུ་ཨིན་པས།
དངུལ་འབྲེལ་གྱི་ འཇིགས་སྐུལ་ནང་ ཆོག་ཐམ་གྱི་དོན་ལུ་ ཟད་འགྲོ་གནས་མི་དང་ འགྲུལ་བསྐྱོད་ཀྱི་ཟད་འགྲོ་ཚུ་ ལོག་སྤྲོད་དགོཔ་སྦེ་ མཁོ་འདོད་བཀོད་མི་ལུ་བརྟེན་ཨིན་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
མི་གྲངས་༣༨ ཀྱི་གྲས་ལས་ ཕོ་སྐྱེས་༤ དང་ ཨམ་སྲུ་༣༤ ཡོདཔ་ཨིན་པས།
བཀའ་ཁྲིམས་བཀོད་ཚོགས་ཀྱིས་ གནས་ཐོ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ ཨམ་སྲུ་བརྒྱ་ཆ་༤༢ དང་ བུམོ་བརྒྱ་ཆ་༡༨ ཕོ་སྐྱེས་བརྒྱ་ཆ་༢༣ དེ་ལས་ བུཚ་བརྒྱ་ཆ་༡༧ ཡོདཔ་སྦེ་ཨིན་པས།
ཀརྨ་རྡོ་རྗེ་གིས་ བཤད་མིའི་ནང་ མི་གྲངས་༣༨ ལོག་ལྷོད་མི་ཚུ་གི་གྲས་ལས་༢༤ མི་ཌལ་ཨིསཊི་ནང་ལས་ ཀུ་ཝེཊ་ལུ་ འབྲུག་གི་གཞུང་ཚབ་ཀྱིས་ གྲོགས་རམ་ལེན་ཐོག་ལས་ལེན་ཡོདཔ་ད་ མི་༦ ཕི་ལི་པིནསི་ལུ་ ཁྲིམས་མཐུན་ལག་ལེན་ཐོག་ལེན་པའི་ཁར་ གཅིག་ རྒྱ་གར་ཇའེ་པུར་ལས་ ཁྲིམས་སྲུང་འགག་པ་གིས་ ཆ་རོགས་འབད་ཡོདཔ་ད་ མི་༦ བེང་ཀོག་ལུ་ ནང་གི་ལཱ་གཡོག་འབད་མི་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ཐའེ་ལེནཌ་གི་གནས་སྟངས་དེ་ འབྲུག་པའི་ཆོསཔ་ ཆོག་ཐམ་མེད་མི་ཅིག་གིས་ ལཱ་གཡོག་ནང་ བཙུགས་ཡོདཔ་སྦེ་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཅན་དི་གར་ལུ་འབད་བ་ཅིན་ ངོ་རྐྱང་དེ་གིས་ ཡོངས་འབྲེལ་ཊིག་ཊོག་གི་ཐོག་ལས་ མི་ཅིག་དང་འབྲེལ་བ་བཟོ་སྟེ་ ཟཕྱད་པར་སོང་ནུག་ཟེར་ཨིནམ་ད་ གནད་དོན་དེ་ ཚུལ་མིན་འཐབ་པའི་གྲངས་སུ་མི་ཚུད་ནི་ཨིན་མི་དེ་ ངོ་རྐྱང་གིས་ རང་གི་བློ་འདོད་ལྟར་སོང་ཡོདཔ་མ་གཏོགས་ གཞན་གྱིས་ རྒྱུད་སྐུལ་མ་འབད་བས་ཟེར་ ཀརྨ་རྡོ་རྗེ་གིས་ བཤདཔ་ཨིན་པས།
མོ་གི་ ཨ་རོགས་དགའ་རོགས་དེ་ ངེས་བདེན་མོ་རའི་དགའ་རོགས་ཨིན་ན་ ཡང་ཅིན་ མོ་ཚོང་སྒྱུར་འཐབ་ནི་ལུ་ དཔའ་བཅམ་ཡོདཔ་ཨིན་ནའི་ ཤེས་རྟོགས་མེད་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ལཱ་གཡོག་ནང་བཙུགས་མི་དེ་ གཙོ་བོ་ར་ འཁྲིག་སྤྱོད་དང་ ལཱ་ཚད་ལས་བརྒལ་ཏེ་ བཀོལ་ནིའི་དོན་ལུ་ཨིནམ་མ་ཚད་ དམིགས་བསལ་གྱི་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་ཚུ་ལུ་ དམིགས་གཏད་སྦོམ་བསྐྱེད་དེ་ འདུག་ཟེར་ཨིན་པས།
ཀརྨ་རྡོ་རྗེ་གིས་འབད་བ་ཅིན་ ལས་མི་དང་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཕྱི་རྒྱལ་ལུ་ ལཱ་འབད་བར་བཏང་མི་ཚུ་ ཤེས་ཡོན་དམའ་ཤོས་སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་དགོ་པའི་གུ་ སྐྱེས་ལོ་༢༡ དང་༢༩ གི་བར་ན་འབད་མི་ དགོཔ་མ་ཚད་ ལཱ་གཡོག་ཚུ་ཡང་ ཁྱིམ་ནང་གི་ལཱ་འབད་ནི་དང་ སྣུམ་འཕུར་རྐྱབ་མི་ དེ་ལས་ བཟོ་སྐྲུན་གྱི་ལས་སྡེ་ཚུ་ནང་ ལཱ་འབད་མ་ཆོགཔ་སྦེ་ཨིནམ་ལས་ དེ་ཚུ་ནང་འབད་བ་ཅིན་ ཚུལ་མིན་ཐོག་ལས་ ལག་ལེན་འཐབ་པའི་ གྲངས་སུ་ཚུདཔ་ཨིན་ཟེར་ཨིན་པས།
ངོ་རྐྱང་ཚུ་ཡང་ དངུལ་ཕོགས་དངུལ་ཀྲམ་༣༠,༠༠༠ རེ་བྱིན་ནི་སྦེ་ སླབ་མི་ཚུ་ལུ་ དངུལ་ཀྲམ་༢༦,༠༠༠ མ་གཏོགས་མ་བྱིན་པའི་ཁར་ ཡུན་རིངམོ་སྦེ་ ལཱ་འབད་བཅུགཔ་མ་ཚད་ ལོ་བསྟར་གྱི་ངལ་གསོ་དང་ སྨན་བཅོས་ཀྱི་འཐུས་ལ་སོགས་པ་ཚུ་ཡང་ མ་བྱིནམ་ཨིན་པས།
གནད་དོན་དེ་གིས་ ལུས་འབྲེལ་ཚོང་སྒྱུར་འཐབ་ནི་དང་ དབང་བཙོང་འདོད་སྤྱོད་ཀྱི་ ཉེན་ཁ་སྦོམ་ར་ཡོདཔ་བཞིན་དུ་ འདི་བཟུམ་གྱི་གནས་སྟངས་དེ་ འབྲུག་རྒྱལ་ཁབ་ཀྱི་ ནང་གི་ལཱ་འབད་མི་ཚུ་བཟུམ་སྦེ་ མེན་པས་ཟེར་ཨིན་མི་དེ་ཡང་ འབྲུག་ལུ་ དངུལ་ཕོགས་དངུལ་ཀྲམ་༡༥,༠༠༠ མ་གཏོགས་མེད་རུང་ ཉེན་ཁ་ཚུ་ལེ་ཤ་གིས་ ཆུངམ་སྦེ་ཡོད་ཟེར་ཨིན་པས།
བཀའ་ཁྲིམས་ལས་ཁུངས་ཀྱིས་ ཞིབ་འཇུག་འབདཝ་ད་ ངོས་འཛིན་བྱུང་མིའི་ནང་ འབྲུག་ལུ་ནང་གི་ལཱ་འབད་མི་ཚུ་གིས་ ཕྱི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་འགྱོ་ནི་ལུ་ གདམ་ཁ་རྐྱབ་མི་འདུག་ཟེར་ཨིན་པས།
ཉམས་རྒུདཔ་ཚུ་གིས་ ཁོང་ལུ་ལཱ་གཡོག་ལེགས་ཤོམ་འཐོབ་ནི་དེ་ ཉུང་སུ་ཅིག་མ་གཏོགས་མིན་འདུག་ཟེར་ཨིན་པས།
ནང་གི་ལཱ་འབད་མི་ཚུ་ལུ་ ཉེན་ཁ་དེ་ སྦོམ་སྦེ་ར་འདུག་ཟེར་ ཀརྨ་རྡོ་རྗེ་གིས་ བཤད་པའི་ཁར་ ད་ལྟོ་ རྒྱལ་ཁབ་ནང་ ལོག་ལྷོད་མི་མང་ཤོས་ཅིག་ ཆོག་ཐམ་མེད་པའི་ལས་ཚབ་ཚུ་གིས་ རྒྱལ་ཁབ་ཕྱི་ཁར་ བཏང་ཡོད་པའི་ གསལ་སྟོན་བྱུང་ཡི་ཟེར་ཨིན་པས།
བཀའ་ཁྲིམས་ལས་ཁུངས་ཀྱིས་ ད་ལྟོའི་བར་ན་ཡང་ གནད་དོན་འདི་ཚུ་གུ་ལུ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ར་ ཡོད་ཟེར་ཨིན་པས།
ཀརྨ་རྡོ་རྗེ་གིས་ བཤད་མིའི་ནང་ གལ་སྲིད་ ཚུལ་མིན་འཐབ་མི་ཚུ་ ཉེས་འཛུགས་འབདཝ་འདྲཝ་འབད་བ་ཅིན་ ཉེས་ཆད་དེ་ དབྱེ་རིམ་བཞི་པ་སྨིན་དགོ་ནི་ཨིནམ་ལས་ ལོ་༣ ལས་༥ གི་བར་ནང་ ཉེས་ཆད་བཙོན་ཁྲིམས་སྨིན་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉམས་རྒུདཔ་ཚུ་གིས་འབད་རུང་ གལ་སྲིད་ གན་ཡིག་གུ་ལུ་ མིང་རྟགས་བཀོད་དེ་འབད་རུང་ ལག་ལེན་བསྟར་སྤྱོད་ ལེགས་ལྡན་ཐོག་ལུ་ མི་འབད་ནི་ཨིནམ་ ཧ་གོ་དགོ་ཟེར་ཨིན་པས།
འདི་བཟུམ་གྱི་ བྱ་ངན་འབད་མི་དེ་ མི་མང་དང་གཅིག་ཁར་ གོ་བ་བརྡ་ལོག་བྱིནམ་ཨིན་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ ཉམས་རྒུདཔ་ཚུ་ རྒྱལ་ཁབ་ནང་ལེན་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་ལས་བཅད་དེ་ བཏང་ཡི་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement