༉ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གནས་ཐོ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ རང་སྲོག་བཅད་མིའི་གྱངས་ཁ་དེ་ ཚ་གྱང་ཅན་ཅིག་སྦེ་ ཡར་སེང་འགྱོ་དོ་ཡོདཔ་ད་ དེ་ཡང་ ན་ཧིང་གི་ལོ་ནང་ སྐྱེས་ལོ་༢༠ དང་༥༩ གི་བར་ན་འབད་མི་ བརྒྱ་ཆ་༦༨ ཀྱིས་ རང་སྲོག་བཅད་ཡོདཔ་སྦེ་ གནས་ཐོ་ཚུ་ནང་ འཁོད་ཡོདཔ་ཨིན་པས།
དེ་ཡང་ ལས་མི་ལཱ་གཡོག་ཞིབ་དཔྱད་ཀྱི་ བཞི་དཔྱ་དང་པའི་ ཐོག་གི་སྙན་ཞུ་དང་འཁྲིལཝ་ད་ སྐྱེས་ལོ་༢༠ ལས་༦༤ གི་བར་ན་འབད་མི་ཚུ་ ལཱ་གཡོག་གི་ལྕོགས་གྲུབ་ཅན་ དཔལ་འབྱོར་ལུ་ ཕན་ཐོགས་ཡོད་མི་ཚུ་ཨིནམ་སྦེ་ འཁོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ནང་ རང་སྲོག་བཅད་མི་༡༠༣ ཐོ་བཀོད་འབད་མི་ལས་ མི་གྲངས་༧༠ དེ་ སྐྱེས་ལོ་༢༠ དང་༥༩ གི་བར་ན་འབད་མི་ཨིནམ་ད་ དེ་ཡང་ ཕོ་སྐྱེས་༥༢ དང་ ཨམ་སྲུ་༡༨ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ འབད་བ་ཅིན་ དཔལ་འབྱོར་ལུ་ཕན་ཐོགས་ཡོད་པའི་མི་གྲངས་༩༦ གིས་ རང་སྲོག་བཅད་མི་དེ་ བརྒྱ་ཆ་༦༧.༧ ཨིནམ་ད་ དེ་ཡང་ སྐྱེས་ལོ་༢༠ དང་༥༩ གི་བར་ན་འབད་མི་ མི་གྲངས་༦༥ ཡོདཔ་བཞིན་དུ་ དེ་ཁར་ ཕོ་སྐྱེས་༥༠ དང་ ཨམ་སྲུ་༡༥ ཡོདཔ་ཨིན་པས།
ལས་མི་ལཱ་གཡོག་ཞིབ་དཔྱད་ཀྱི་ བཞི་དཔྱ་དང་པའི་སྙན་ཞུ་ནང་ གསལ་སྟོན་འབད་དོ་བཟུམ་ འབད་བ་ཅིན་ སྤྱི་ལོ་༢༠༢༤ ནང་ ལཱ་གཡོག་གི་ལོ་ཚད་ནང་ དེ་ཅིག་ར་ ལྕོགས་གྲུབ་དང་མ་ལྡནམ་སྦེ་ ཡོད་མི་དེ་ བརྒྱ་ཆ་༣༥ ཡོདཔ་སྦེ་ཨིན་པས།
གནས་ཐོ་འདི་དང་འཁྲིལཝ་ད་ འབྲུག་གི་དཔལ་འབྱོར་དང་ ཆ་མཐུན་གྱི་ལྕོགས་གྲུབ་ཅན་ཚུ་ མར་བབས་འགྱོ་དོ་ཡོད་པའི་ རྟགས་མཚན་སྟོནམ་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ངོས་འཛིན་བྱུང་མིའི་ནང་ སེམས་ཁམས་ཀྱི་གནས་སྟངས་དང་ བཟའ་ཚང་གི་དཀའ་ངལ་ ཆང་ལུ་ཤུགས་ཐལ་མི་ དེ་ལས་ གསོ་བའི་འཕྲོད་བསྟེན་གྱི་གདོང་ལེན་ གནད་དོན་གཞན་གྱི་ཐོག་ལུ་འབདཝ་ད་ རང་སྲོག་བཅད་པའི་ འབྱུང་ཁུངས་ཅིག་སྦེ་ གསལ་སྟོན་འབད་དོ་ཡོདཔ་ཨིན་པས།
འདས་པའི་ལོ་༢ ཀྱི་ནང་འཁོད་ལུ་ རང་སྲོག་བཅད་མིའི་གྱངས་ཁ་དེ་ བརྒྱ་ཆ་༧.༣ ལུ་ཡར་སེང་སོང་མི་ལས་ ཕོ་སྐྱེས་བརྒྱ་ཆ་༥.༦ སྦེ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ རང་སྲོག་བཅད་མི་༡༠༣ ཡོད་ས་ལས་ ཕོ་སྐྱེས་༧༦ དང་ ཨམ་སྲུ་༢༧ ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ འབད་བ་ཅིན་ རང་སྲོག་བཅད་མི་༩༦ ཡོད་ས་ལས་ ཕོ་སྐྱེས་༧༢ དང་ཨམ་སྲུ་༢༤ ཡོདཔ་སྦེ་ཨིན་པས།
ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གི་ སྙན་ཞུ་ལྟར་དུ་འབད་བ་ཅིན་ ཕོ་སྐྱེས་རང་སོའི་ཞབས་ཏོག་འཚོལ་མི་ སྤྱི་ལོ་༢༠༢༣ ལུ་ ངོ་རྐྱང་༦༨ ཡོད་ས་ལས་ སྤྱི་ལོ་༢༠༢༤ ལུ་༧༨ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
རྫོང་ཁག་ལྟར་དུ་འབད་བ་ཅིན་ འདས་པའི་ལོ་གཉིས་ཀྱི་ ནང་འཁོད་ལུ་ ཆུ་ཁ་དང་ བསམ་རྩེ་ལུ་ མཐོ་ཤོས་ཡོདཔ་ད་ དེ་གི་འོག་ལས་ར་ ཐིམ་ཕུག་དང་ གསར་སྤང་ཚུ་ནང་ ཡོདཔ་སྦེ་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེ་གི་ སྙན་ཞུ་དང་འཁྲིལཝ་ད་ ངོ་རྐྱང་ནང་ རྒན་གཞོན་གཉིས་ཆ་ར་ནང་ རང་གིས་རང་ལུ་ གནོདཔ་བཀལ་ཏེ་ འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ ཨ་ལུ་སྐྱེས་ལོ་༡༢ འབད་མི་ཅིག་གིས་ བྱ་ངན་ནང་འབྲེལ་བ་ཡོདཔ་སྦེ་ཨིནམ་ད་ གནད་དོན་ཁག་༡༦ ནང་ སྐྱེས་ལོ་༡༣ ལས་༡༩ གི་བར་ན་འབད་མི་ཚུ་ཨིནམ་ད་ གཞན་གནད་དོག་ཁག་༡༦ དེ་ སྐྱེས་ལོ་༦༠ ཡན་ཆད་འབད་མི་ཚུ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ གནད་དོན་ཁག་གཉིས་ནང་ ཨ་ལུ་སྐྱེས་ལོ་༡༢ མན་ཆད་འབད་མི་གཉིས་དང་ གནད་དོན་ཁག་༡༤ ནང་ ན་ལོན་ཚུ་ཡོདཔ་མ་ཚད་ གནད་དོན་ཁག་༡༥ ནང་ རྒན་རིམ་ཚུ་ཡོདཔ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས།
རང་སྲོག་བཅད་མིའི་གྱངས་ཁ་ ཡར་སེང་སོང་མི་ལུ་ འཕྲལ་མཁོའི་ངོས་ལེན་ཚུ་ དམ་སྒྲིང་འབད་དགོ་པའི་ཁར་ ཁོང་གི་ སེམས་ཁམས་ཚུ་ལུ་ ངོས་ལེན་གྱི་གོ་སྐབས་ཚུ་ཡང་ བྱིན་དགོཔ་འདུག་ཟེར་ཨིན་པས།
དབྱེ་ཁག་སོ་སོ་ ཕྱེ་མི་གིས་ གནད་དོན་ཅིག་ལུ་གྱུརཝ་མེན་པར་ གནོད་ཉེན་དེ་ཅིག་ལུ་བརྟེན་ ག་ར་ལུ་ ཁྱབ་ཆེར་འགྱོ་དོ་ཡོདཔ་ལས་ ཕོ་མོ་རྒན་གཞོན་ག་ར་གིས་ ཚ་གྱང་འབག་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།