༉ སྤྱི་ལོ་༢༠༢༣ གྱི་ ཟླཝ་༡༠ པ་ལས་༡༢ ཚུན་དང་ཕྱདཔ་ད་ ན་ཧིང་ དུས་ཚོད་དེ་ལུ་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མེད་པའི་ཚད་གཞི་དེ་ བརྒྱ་ཆ་༡༧.༧ ལུ་ ཡར་འཕར་སོང་ནུག།
དེ་ཡང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཟླཝ་༣ རེའི་ ལས་མི་ཞིབ་འཇུག་སྙན་ཞུ་༢༠༢༢༤ ཅན་མ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ ན་གཞོན་ཡོངས་བསྡོམས་༦,༥༩༨ ལུ་ ལཱ་གཡོག་མེདཔ་ཨིན་པས།
འདས་པའི་ལོ་དང་ཕྱདཔ་ད་ ན་གཞོན་ལཱ་གཡོག་མེད་པའི་ཚད་གཞི་དེ་ བརྒྱ་ཆ་༡༦.༥ ལས་ བརྒྱ་ཆ་༡.༢ དེ་ཅིག་ ཡར་འཕར་སོང་ཡོདཔ་ཨིན་པས།
ན་གཞོན་ལཱ་གཡོག་མེད་པའི་ གནས་ཚད་དེ་ ལོ་ཚད་༡༥ ལས་༢༤ གི་བར་ན་འབད་མི་ ལཱ་གཡོག་མེད་མི་ཚུ་ ལོ་ཚད་གཅིག་པའི་ དཔལ་འབྱོར་གྱི་ལཱ་འབད་མི་ མི་རློབས་ཀྱི་ བརྒྱ་ཆ་ལུ་གོཝ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ ན་གཞོན་ལཱ་གཡོག་མེད་མི ཚད་གཞི་དེ་ བུཚ་དང་ཕྱདཔ་ད་ བུམོ་ལེ་ཤ་ཡོདཔ་བཞིན་དུ་ བུམོ་གི་ཚད་གཞི་དེ་ བརྒྱ་ཆ་༢༡.༢ དང་ བུཚ་བརྒྱ་ཆ་༡༤ ཡོདཔ་ཨིན་པས།
ན་གཞོན་ལཱ་གཡོག་མེད་མི་དེ་ མང་ཤོས་ར་ ཁྲོམ་ཚུ་ནང་ཡོདཔ་བཞིན་དུ་ ཁྲོམ་གྱི་ས་ཁོངས་ཚུ་ནང་ བརྒྱ་ཆ་༡༩.༨ དང་ གྲོང་གསེབ་ཚུ་ནང་ བརྒྱ་ཆ་༡༥.༥ ཡོདཔ་ཨིན་པས།
སྤྱིར་བཏང་ལཱ་གཡོག་མ་ཐོབ་པའི་ ཚད་གཞི་ཡོངས་བསྡོམས་ལས་ བརྒྱ་ཆ་༥༤.༨ ན་གཞོན་ཚུ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྤྱིར་བཏང་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་༣.༡༡ འབདཝ་ མི་ངོམ་༡༢,༠༤༦ ཡོདཔ་ད་ སྤྱི་ལོ་༢༠༢༤ ལུ་ ལཱ་གཡོག་ཡོད་མི་ བརྒྱ་ཆ་༣.༥ (ཕོ་སྐྱེས་བརྒྱ་ཆ་༢.༩ དང་ ཨམ་སྲུ་བརྒྱ་ཆ་༤.༤) འོང་ནི་སྦེ་ ཚོད་རྩིས་བསྐྱེད་དེ་ ཡོདཔ་ཨིན་པས།
འདས་པའི་ཟླཝ་༣ རེའི་ སྙན་ཞུ་༤ པའི་ནང་ ལཱ་གཡོག་མེད་པའི་ ཚད་གཞི་དེ་ བརྒྱ་ཆ་༣.༡༡ ལས་ བརྒྱ་ཆ་༠.༠༢ དེ་ཅིག་ ཡར་འཕར་སོང་ཡོདཔ་ཨིན་པས།
ཨམ་སྲུ་ལཱ་གཡོག་མེད་མི་ ཚད་གཞི་དེ་ བརྒྱ་ཆ་༤.༣༧ དང་ ཕོ་སྐྱེས་ཚད་གཞི་ བརྒྱ་ཆ་༢.༢༧ ཡོདཔ་བཞིན་དུ་ ཁྲོམ་སྡེ་ནང་ ལཱ་གཡོག་མེད་པའི་ ཚད་གཞི་དེ་ བརྒྱ་ཆ་༥.༥ དང་ གྲོང་གསེབ་ནང་ བརྒྱ་ཆ་༡.༧༥ ཡོདཔ་ཨིན་པས།
ཟླཝ་༣ རེ་གི་བར་ན་ ཚར་རེ་བཏོན་པའི་ སྙན་ཞུ་༤ པམ་ནང་ ངོ་རྐྱང་༡༢,༠༤༦ ལུ་ ལཱ་གཡོག་མེདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ དེ་ཚུ་གི་གྲས་ལས་ བརྒྱ་ཆ་༤༣.༧ ཕོ་སྐྱེས་དང་ བརྒྱ་ཆ་༥༦.༣ ཨམ་སྲུ་ཨིན་པས།
བརྒྱ་ཆ་༦༤.༢ ཁྲོམ་སྡེ་ནང་ བརྒྱ་ཆ་༣༥.༨ གྲོང་གསེབ་ཚུ་ནང་ སྡོད་དོ་ཡོདཔ་ད་ རྫོང་ཁག་ཚུ་གི་གྲས་ལས་ སྤ་རོ་ལུ་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་བརྒྱ་ཆ་༦.༢༡ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ བཀྲིས་སྒང་དང་ ལྷུན་རྩེ་ལུ་ བརྒྱ་ཆ་༠.༤༦ དང་ བརྒྱ་ཆ་༠.༥ རེ་ཡོད་མི་དེ་ དམའ་ཤོས་ཅིག་ཨིན་པས།
ཁྲོམ་སྡེ་༤ གྲས་ལས་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་མཐོ་ཤོས་ར་ དགེ་ལུགས་ཕུག་ལུ་ བརྒྱ་ཆ་༨.༦༥ དང་ ཕུན་ཚོགས་གླིང་ལུ་ བརྒྱ་ཆ་༣.༩༤ ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་མང་ཤོས་ར་ ན་གཞོན་ཚུ་གི་དབྱེ་ཁག་ ལོ་ཚད་༡༥-༡༩ བར་ན་ཡོདཔ་ད་ ལྷག་ལུས་སྐྱེས་ལོ་༢༥-ལས་༢༩ བར་ན་ འབད་མི་ཚུ་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ མན་ཆད་འབད་མི་ཚུ་གི་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ མར་བབས་སོང་སྟེ་ ཡོདཔ་ཨིན་པས།
ལཱ་གཡོག་མེད་པའི་གྱངས་ཁ་དེ་ སྐྱེས་ལོ་༢༠ ལས་༢༤ གི་བར་ན་ མཐོ་ཤོས་ཅིག་ལུ་ལྷོད་རུང་ ལོ་༢༥-༢༩ ལས་ མར་ཕབ་འགྱོ་དོ་ ཡོདཔ་ཨིན་མས།
ཤེས་ཡོན་གནས་ཚད་ཀྱི་ཐད་ལུ་་ གཙུག་ལག་ཤེས་ཚད་ཡོད་མི་ཚུ་ ལཱ་གཡོག་མེད་པའི་གནས་ཚད་ བརྒྱ་ཆ་༡༠.༨༡ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ ཤེས་ཡོན་སྦོམ་མ་ལྷབ་མི་ཚུ་ དམའ་ཤོས་བརྒྱ་ཆ་༠.༢༥ ཡོདཔ་ཨིན་པས།
ལཱ་གཡོག་མེད་པའི་ ཚད་གཞི་དེ་ མཐོ་རིམ་ཤེས་ཚད་ཡོད་མི་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་ཚུ་ མང་ཤོས་ཡོདཔ་བཞིན་དུ་ ཨམ་སྲུ་བརྒྱ་ཆ་༡༧.༨༢ ཕོ་སྐྱེས་བརྒྱ་ཆ་༦.༥༥ ཡོདཔ་ཨིན་པས།
དེ་མ་ཚད་ སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ ལཱ་འབད་ཚུགས་པའི་ ལོ་ཚད་ལང་མི་ མི་ངོམ་༥༩༦,༩༧༠ ཡོད་པའི་ཁར་ ལཱ་གཡོག་མེད་པའི་ ཚད་གཞི་དེ་ཡང་ བརྒྱ་ཆ་༢.༠ ཡོདཔ་སྦེ་བཀོད་ནུག།
དེ་ཚུ་གི་གྲས་ལས་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་ཚུ་ མངམ་ཡོདཔ་བཞིན་དུ་ ཨམ་སྲུ་བརྒྱ་ཆ་༢.༤ དང་ ཕོ་སྐྱེས་བརྒྱ་ཆ་༡.༧ ཡོདཔ་ཨིན་པས།
ཁྲོམ་སྡེའི་ནང་ བརྒྱ་ཆ་༣.༤ དང་ གྲོང་གསེབ་ནང་ བརྒྱ་ཆ་༡.༢ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།