༉ རྒྱལ་ཁབ་ནང་ ལྟ་བཤལ་པའི་གྱངས་ཁ་ཡར་སོང་མི་དང་འབྲེལ་ ནད་ཡམས་ཀོ་བིཌ་-༡༩ འི་ཤུལ་ལས་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་ དངུལ་འབྲེལ་གྱི་གྲུབ་འབྲས་ ལེགས་ཤོམ་སོང་ཡོདཔ་ཨིན་པས།
མ་གཞི་ ནད་ཡམས་ལུ་བརྟེན་ གྱོང་རྒུད་ཕོག་མི་ཚུ་ ལོག་འཐོབ་མ་ཚུགས་རུང་ སྤྱི་ལོ་༢༠༢༤ ལོའི་ འདས་པའི་ཟླཝ་༣ དང་པམ་གི་ གནས་སྡུད་དང་འཁྲིལ་བ་ཅིན་ འདས་པའི་ལོ་དང་ཕྱདཔ་ད་ འགྲུལ་པ་གི་གྱངས་ཁ་དེ་ བརྒྱ་ཆ་༢༣ དེ་ཅིག་ ཡར་འཕར་སོང་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ དུས་ཅི་ ལྟ་བཤལ་པའི་གྱངས་ཁ་དེ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ཡོདཔ་ མཐོང་ཅི་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ གི་ ཟླཝ་༣ ནང་འཁོད་ལུ་ ལྟ་བཤལཔ་༤༡,༣༩༤ འོང་སྟེ་ ལྟ་བཤལ་ལས་ཁུངས་ཀྱིས་ འོང་འབབ་དངུལ་ཀྲམ་ཡུ་ཨེསི་ཌོ་ལར་ས་ཡ་༡༣ བཟོ་ཡོདཔ་ད་ ན་ཧིང་ དུས་ཚོད་དེམ་ཅིག་ནང་ ལྟ་བཤལཔ་༢༦,༤༦༥ ལས་བརྒལ་ མ་འོངམ་ཨིན་པས།
སྤྱི་ཟླ་༣ པ་དང་༢ པ་ དེ་ལས་ ཟླ་༨ པ་དང་༡༠ པ་དེ་ ལྟ་བཤལ་གྱི་ དུས་ཚོད་ཅིག་ཨིནམ་ལས་ དེ་བསྒང་ རྒྱལ་སྤྱིའི་ལྟ་བཤལཔ་ མང་ཤོས་ཅིག་གིས་ བུམ་ཐང་འགྱོ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ལུ་བརྟེན་ གཞི་རྟེན་ལག་ལེན་ཟད་འགྲོ་རྐྱངམ་གཅིག་ ལང་ཚུགས་པས་ཟེར་ཨིན་པས།
གནམ་དགུན་གྱི་དུས་ཚོད་ སྤྱི་ཟླ་༡༢ པ་དང་༡ པ་༢ པའི་སྐབས་ འབྲུག་མི་ཚུ་གིས་ འཁོར་ལམ་གྱི་ཉེན་ཁ་ ཆུ་རུད་དང་ ས་རུད འཁོར་ལམ་བསུབ་པའི་ ཚ་གྱང་ལུ་བརྟེན་ འཕུར་འགྲུལ་འབད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཟླ་༣ པ་དང་༤ པ་ དེ་ལས་ སྤྱི་ཟླ་༩ པ་དང་༡༠ པའི་ནང་ ཕྱིའི་ལྟ་བཤལཔ་ཚུ་ ལེ་ཤ་འོང་དོ་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ རྩིས་ལོ་༢༠༢༣ ལུ་ ཁྲལ་མ་བཏོག་པར་ འོང་འབབ་དངུལ་ཀྲམ་ས་ཡ་༢༩༡ བཟོ་ཡོད་རུང་ ཁྲལ་བཏབ་པའི་ཤུལ་ལས་ ལས་འཛིན་ལུ་ གྱོང་རྒུད་དངུལ་ཀྲམ་ས་ཡ་༦༢.༨ ཕོག་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ རྒྱལ་སྤྱིའི་ལྟ་བཤལཔ་འོང་མི་ གྱངས་ཁ་དེ་ མར་བབས་སོང་ཡོདཔ་ད་ འབྲུག་ལས་ཕྱི་ཁར་འགྱོ་མི་ མང་ཤོས་ར་ ཨཱསི་ཊེ་ལི་ཡ་ལུ་འགྱོ་མི་ འབྲུག་མི་ཚུ་ཨིནམ་སྦེ་ རྟ་མགྲིན་དབང་ཕྱུག་གིས་ བཤད་ཡོདཔ་ཨིན་པས།
ཕྱི་ཁ་ལས་ འབྲུག་ལུ་འོང་མི་ དག་པ་ཅིག་ལས་བརྒལ་མེདཔ་ལས་ ལས་འཛིན་གྱི་ འོང་འབབ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ ལག་ལེན་གྱི་ ཟད་འགྲོ་ལང་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོདཔ་བཞིན་དུ་ ནད་ཡམས་ཀྱིས་ འབྱེམ་ཕོག་མི་དེ་ ལོ་༥ འི་ནང་འཁོད་ལུ་ གསང་ཚུགས་ནི་མས་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་འཁོད་ལུ་ འབྲུག་མཁའ་འགྲུལ་གྱི་འགྲུལ་པ་ བརྒྱ་ཆ་༤༨ སཱག་ལུང་ཕྱོགས་དང་ ཡང་ཅིན་ འབྲུགཔ་མེན་མི་ཚུ་ཨིནམ་ད་ དེ་གི་འོག་ལས་ར་ འབྲུག་མི་བརྒྱ་ཆ་༤༤ དེ་ལས་ སཱག་གི་མི་ངོམ་ བརྒྱ་ཆ་༨ ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ མ་འོངས་པ་ལུ་ ཌུ་བཱའི་དང་ རྒྱ་གར་མུམ་བའེ་ ཨ་མི་དཱ་བཱད་ཚུ་ནང་ གནམ་གྲུ་འཕུར་འགྲུལ་འབད་ནི་གི་ འོས་འབབ་ལྟ་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།