༉ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ ཤེས་རིག་གཙོ་རིམ་ལས་སྣ་ཚུ་ མཐར་འཁྱོལ་བྱུང་བའི་སྐོར་ལས་ སྙན་ཞུ་འབད་ཡོད་རུང་ རྒྱལ་ཁབ་ཀྱི་སློབ་གྲྭ་ཚུ་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་ཞབས་ཏོག་དང་ དེ་དང་འབྲེལ་བའི་ བརྡ་དོན་འཕྲུལ་རིག་གི་མཐུན་རྐྱེན་ཚུ་ ལངམ་སྦེ་མེད་པའི་ དཀའ་ངལ་ཚུ་ ཡོདཔ་ཨིན་པས།
ལོ་བསྟར་ཤེས་རིག་གི་གནས་སྡུད་༢༠༢༤ ཅན་མ་དང་འཁྲིལ་བ་ཅིན་ འདས་པའི་ལོ་༣ གྱི་ནང་འཁོད་ལུ་ སློབ་གྲྭ་ཚུ་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་ཞབས་ཏོག་གི་གྱངས་ཁ་ཚུ་ ཡར་སེང་མ་འགྱོ་བར་ཡོད་རུང་ ཤེས་རིག་ལྷན་ཁག་གིས་ བརྡ་དོན་འཕྲུལ་རིག་གི་འཆར་གཞི་ཨམ་ ལག་ལེན་འཐབ་སྟེ་ ཡར་དྲག་སོང་སྟེ་ཡོདཔ་སྦེ་ བཀོད་དོ་ཡོདཔ་ཨིན་པས།
གནས་སྡུད་དང་འཁྲིལ་བ་ཅིན་ དུས་ཚོད་དེ་ཚུ་གི་ ནང་འཁོད་ལུ་ ཨིན་ཊར་ནེཊ་གི་ཞབས་ཏོག་ཡོད་པའི་ སློབ་གྲྭ་ཚུ་གི་ གྱངས་ཁ་ཚུ་ འགྱུར་བ་མེདཔ་ཨིན་པས།
གནས་སྡུད་ནང་ བཀོད་མིའི་ནང་ རྒྱལ་ཁབ་ནང་ སློབ་གྲྭ་༥༦༦ གྲས་ལས་༢༠༠ འབདཝ་ད་ བརྒྱ་ཆ་༣༥.༢ དེ་ཅིག་ ཨིན་ཊར་ནེཊ་ཞབས་ཏོག་ མེདཔ་ཨིན་པས།
གཞུང་གི་སློབ་གྲྭ་ བརྒྱ་ཆ་༣༧.༢ དང་ སྒེར་གྱི་སློབ་གྲྭ་བརྒྱ་ཆ་༢.༩ ལུ་ ཨིན་ཊར་ནེཊ་གི་ ཞབས་ཏོག་མེདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ རྒྱལ་ཁབ་ནང་ གཞུང་གི་སློབ་གྲྭ་༥༤༠ དང་ སྒེར་གྱི་སློབ་གྲྭ་༢༦ ཡོདཔ་ཨིན་པས།
སློབ་གྲྭ་ཚུ་ནང་ བརྡ་དོན་འཕྲུལ་རིག་གི་ མཐུན་རྐྱེན་ཚུ་ཡང་ ཚད་གཅིག་ལས་བརྒལ་མེདཔ་ད་ གཞུང་གི་སློབ་གྲྭ་ནང་ སློབ་ཕྲུག་དང་ ཀམ་པིའུ་ཊ་གི་ ཆ་ཚད་ཐད་ལུ་ སློབ་ཕྲུག་༨ ལུ་ ཀམ་པིའུ་ཊ་རེ་དང་ སྒེར་གྱི་སློབ་གྲྭ་ནང་ སློབ་ཕྲུག་༡༣ ལུ་ ཀམ་པིའུ་ཊ་རེ་ཡོདཔ་ཨིན་པས།
སྤྱིར་སྙོམས་ལུ་ རྒྱལ་ཁབ་ཀྱི་ སློབ་གྲྭ་ནང་ སློབ་ཕྲུག་༡༠ ལུ་ ཀམ་པུས་ཊར་རེ་ཡོདཔ་ཨིན་པས།
དེ་ལས་ བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ མཐུན་རྐྱེན་ཚུ་ སློབ་གྲྭ་ཚུ་ནང་རྐྱངམ་གཅིག་མེན་པར་ ཨ་ལུ་གཅེས་སྐྱོང་དང་ཡར་སྐྱེད་ལྟེ་བ་ཚུ་ནང་ པར་སྐྲུན་འཕྲུལ་ཆས་དང་ ཀམ་པུས་ཊར་བརྩིས་ཏེ་ ཉེར་མཁོའི་མཐུན་རྐྱེན་ཚུ་ མེད་པའི་དཀའ་ངལ་ སྦོམ་སྦེ་ར་ ཐོན་ཏེ་ཡོདཔ་ཨིན་པས།
ཨིན་རུང་ བརྡ་བརྒྱུདཔ་དང་ བློན་པོ་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ ཤེས་རིག་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ སླབ་མིའི་ནང་ སློབ་གྲྭ་མང་ཤོས་ཅིག་ནང་ ཡོངས་འབྲེལ་རྒྱུན་ཐག་ཚུ་ འབྲེལ་མཐུད་འབད་དེ་ཡོདཔ་བཞིན་དུ་ སློབ་གྲྭ་༦༧ གྱིས་ ཁེ་ཕན་ཐོབ་སྟེ་ ཡོད་ཟེར་ཨིན་པས།
བློན་པོ་དང་འཁྲིལ་བ་ཅིན་ འཆར་གཞི་༡༣ པའི་ནང་ སློབ་ཕྲུག་དང་ ཀམ་པུས་ཊར་ཆ་ཚད་དེ་ སློབ་ཕྲུག་༡༠ ལུ་ ཀམ་པུས་ཊར་རེ་ལས་ སློབ་ཕྲུག་༥ ལུ་ ཀམ་པུས་ཊར་རེ་ལུ་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སློབ་ཁང་ཚུ་ནང་ རྒྱང་མཐོང་ཐོག་ལས་ སློབ་སྟོན་འབད་ནི་ ལས་རིམ་ཚུ་ཡང་ འགོ་བཙུགས་ཏེ་ཡོདཔ་ད་ སློབ་གྲྭ་རེ་ལུ་ པར་བརྙན་རེ་ བགོ་བཀྲམ་འབད་ནི་དང་ མཉམ་འབྲེལ་བྱང་ཤིང་ དེ་ལས་ སློབ་གྲྭ་ནང་ འཕྲུལ་རིག་གཅིག་འབྲེལ་གྱི་ ལྷབ་སྦྱང་གནས་སྟངས་ཡར་དྲག་གཏང་ནི་ལུ་ ཡོངས་འབྲེལ་ཞབས་ཏོག་ ཡར་དྲག་གཏང་འོང་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གིས་ ཨང་ཅན་ཐོག་ སློབ་སྟོན་འབད་ནི་དང་ ཡོངས་འབྲེལ་གྱི་དཔེ་དེབ་དང་ བརྒྱུད་ལམ་སྣ་མང་བརྩིས་ཏེ་ ལྷབ་སྦྱང་འཐུན་རྐྱེན་ལ་སོགས་པ་ཚུ་ གོང་འཕེལ་གཏང་ནི་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་མ་ཚད་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ཡང་ ཨང་གནས་ཅན་གྱི་ཞབས་ཏོག་ཚུ་ འཐོབ་ཚུགསཔ་བཟོ་ནི་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
འདས་པའི་གཞུང་གིས་ ཤེས་རིག་གཙོ་རིམ་ལས་སྣ་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༩༠༠ བགོ་བཀྲམ་འབད་ཡོད་རུང་ ཡོངས་འབྲེལ་དང་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་མ་ཚུགས་པར་ཡོདཔ་ད་ ལས་རིམ་དེ་ཡང་ རྫོང་ཁག་ག་ར༌གི་ སློབ་གྲྭ་ཚུ་ནང་ ཌི་ཇི་ཊཱལ༌དང་ སློབ་ཕྲུག་དང་ སློབ་དཔོན་༢ ཆ་ར་ལུ་ ཌི་ཇི་ཊཱལ་རིག་རྩལ་བྱིན་ནི་ལུ་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
ལས་རིམ་འོག་གི་ ལས་སྣ་ལོ་ཅིག་ ཀམ་པིའུ་ཊ་བཙུགས་ནི་དང་ སློབ་གྲྭ་ཚུ་ནང་ ཞབས་ཏོག་ལེགས་ཤོམ་བྱིན་པའི་ རྒྱུན་ལམ་མཐུད་འབྲེལ་འབད་ནི་ དེ་ལས་ བློ་གསར་ལས་ སློབ་རིམ་༡༢ པ་ཚུན་གྱི་ སློབ་ཕྲུག་ཚུ་ལུ་ བརྡ་དོན་འཕྲུལ་རིག་གི་ ཆོས་ཚན་དེ་ ངེས་པར་དུ་ ལྷབ་སྦྱང་འབད་དགོཔ་སྦེ་ཨིན་པས།
བློན་ཆེན་བགྲེསཔ་ དྲགོས་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ལོ་༢༠༢༢ ཟླ་༡༢ པའི་ནང་ ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ སློབ་གྲྭ་ག་རའི་ནང་ ཨིན་ཊར་ནེཊ་ཞབས་ཏོག་དང་ བརྡ་དོན་འཕྲུལ་རིག་གི་ བརྟག་དཔྱད་ཁང་ཚུ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གིས་ རྒྱ་སྐྱེད་སློབ་ཁང་བརྩིས་ཏེ་ སློབ་གྲྭ་ཚུ་ནང་ ཚད་གཞི་ཅིག་བཟོ་ཐོག་ལས་ འདྲ་མཉམ་སྦེ་ ཀམ་པུས་ཊར་དང་ པར་བརྙན་ཚུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
རྒྱ་སྐྱེད་སློབ་ཁང་དང་ སློབ་གྲྭ་ཆུང་བ་ཚུ་གིས་ ཀམ་པུས་ཊར་༥ དང་ པར་བརྙན་རེ་ ཐོབ་ཡོདཔ་ཨིན་པས།
ད་ལྟོའི་གཞུང་ མི་སེར་དམངས་གཙོའི་ཚོགས་པ་གིས་ཡང་ བཙག་འཐུའི་སྐབས་ སློབ་གྲྭ་ག་རའི་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་ཐོག་ ལྷབ་སྦྱང་འབད་ནིའི་ མཐུན་རྐྱེན་ལྷན་ཐབས་དང་ ཡོངས་འབྲེལ་མགྱོགས་དྲགས་ཡོད་པའི་ ཞབས་ཏོག་མཐུད་འབྲེལ་འབད་ནི་ དེ་ལས་ རྒྱང་མཐོང་ཐོག་ལས་ སློབ་སྟོན་འབད་ནིའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་གི་ སྐུལ་བསྒྲགས་འབད་དེ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།