༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་གཡོ་སྒྱུ་བཀག་ཐབས་འབད་ནི་དང་ ཡོངས་འབྲེལ་ཉེན་སྲུང་ཡར་དྲག་གཏང་ནིའི་དོན་ལུ་ གཞི་སྒྱུར་དམ་དྲགས་ཚུ་ འགོ་བཙུགས་ཡོདཔ་ད་ དེ་ཡང་ འཕྲལ་ཁམས་ཀྱི་ལོ་ཚུ་ནང་ ཚུལ་མིན་དངུལ་སྤྱོད་འབད་མི་དང་ ཌི་ཇི་ཊཱལ་ཨན་ཅན་ཉེན་སྲུང་མེདཔ་བཟོ་མི་ ཡར་སེང་སོང་ནི་དེ་གིས་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༢༢-༢༣ གྱི་དོན་ལུ་ ངན་ལྷད་བཀག་དམ་ལྷན་ཚོགས་ཀྱི་ སྙན་ཞུའི་ནང་ གཙོ་བོར་བཏོན་ཡོདཔ་ཨིན་པས།
སྙན་ཞུའི་ནང་ དུས་ཡུན་དེ་གི་སྐབས་ལུ་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ ཉོག་བཤད་༡༣ བཀོད་ཡོདཔ་ད་ དེ་ཡང་ ལྷན་ཁག་ཚུ་ལུ་ ཉོག་བཤད་༢༡ བཀོད་མི་དང་ཕྱདཔ་ད་ ཨང་༢ པ་ཨིན་པས།
འབྲུག་གི་དངུལ་ཁང་དང་ འབྲུག་རྒྱལ་ཀཞུང་ཉེན་བཅོལ་ལས་འཛིན་ལུ་ ཉོག་བཤད་༤ རེ་ བཀོད་ཡོདཔ་ད་ འབྲུག་པི་ཨེན་བི་ལུ་ ཉོག་བཤད་༢ དང་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་གོང་འཕེལ་དངུལ་ཁང་ དེ་ལས་ བཀྲིས་དངུལ་ཁང་ལུ་ ཉོག་བཤད་༡ རེ་ བཀོད་ཡོདཔ་བཞིན་དུ་ འབྲུག་ཉེན་བཅོལ་ཚད་ཀྱིས་ ཉོག་བཤད་ག་ནི་ཡང་ མ་ཐོབ་ཨིན་པས།
ཉོག་བཤད་གཙོ་བོ་ ནང་གསུག་དང་ དབང་ཚད་ལོག་སྤྱོད་འབད་མི་ཚུ་ ཆུ་ཁ་དང་ ཐིམ་ཕུག་ དར་དཀར་ནང་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་ནང་ བྱུང་ཡོད་པའི་སྙན་ཞུ་ཨིན་པས།
ངན་ལྷད་བཀག་དམ་ལྷན་ཚོགས་ཀྱི་ སྙན་ཞུའི་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ ལས་ཚུར་ དངུལ་འབྲེལ་གཙུག་སྡེ་ཚུ་གི་ནང་འཁོད་ལུ་ ཚུལ་མིན་དངུལ་སྤྱོད་གནད་དོན་ ཡར་སེང་འགྱོ་མི་ལུ་ ཚ་གྱང་ཡོདཔ་ད་ དེ་ཡང་ གཡོ་སྒྱུ་དང་ འབྱིད་སྐོར་ དེ་ལས་ ཚུལ་མིན་སྤྱོད་པའི་ ཁྲིམས་འགལ་བྱ་ངན་འབད་མི་ དངུལ་ཁང་གི་ ལས་བྱེདཔ་ལེ་ཤ་ཅིག་ འཛིན་བཟུང་འབད་ནི་དེ་གིས་ཨིནམ་ད་ ལས་བྱེདཔ་༦ གིས་ སྐྱིན་འགྲུལ་བགོ་སྤྲོད་ནང་ ཚུལ་མིན་བྱ་ངན་འཐབ་ཡོདཔ་ཨིན་པས།
སྙན་ཞུའི་ནང་ གློག་རིག་ཉེན་སྲུང་གི་ ཚ་གྱང་ཡར་འཕར་འགྱོ་མི་དང་ འཕྲལ་འཕྲལ་གསང་འཛུལ་འབད་མི་ལུ་བརྟེན་ དངུལ་འབྲེལ་ལས་སྡེ་ནང་ ཌི་ཇི་ཊཱལ་ལམ་ལུགས་ཀྱི་ ཉེན་སྲུང་སྐོར་ལས་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ བཀོད་ཡོདཔ་ཨིན་པས།
ངན་ལྷད་བཀག་དམ་ལྷན་ཚོགས་ཀྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ལྟ་རྟོག་དང་ གཞུང་སྐྱོང་ནང་ ལེགས་ཤོམ་མེད་པའི་ ངོས་འཛིན་བྱུང་བའི་ཁར་ རྩིས་ཞིབ་འཇོན་དྲགས་མེད་མི་དང་ གློག་རིག་ཉེན་སྲུང་གཞི་བཀོད་ཚུ་ ལེགས་ཤོམ་མེད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ ངན་ལྷད་བཀག་དམ་ལྷན་ཚོགས་ཀྱིས་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ དངུལ་ཀྲམ་ས་ཡ་༩.༢ ཚུལ་མིན་སྤྱོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ནང་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གསལ་ཞུ་ཕུལ་མིའི་ནང་ འདི་བཟུམ་མའི་བྱུང་རྐྱེན་ཚུ་ སྔོན་འགོག་འབད་ཐབས་ལུ་ གཞུང་སྐྱོང་ལམ་ལུགས་སྒྲིང་སྒྲི་བཟོ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ ངན་ལྷད་ཀྱིས་ བློ་གཏད་མེདཔ་བཟོ་ནི་དང་ དཔལ་འབྱོར་ལུ་ ཉེན་ཁ་འབྱུང་ཉེན་ཡོདཔ་ད་ དངུལ་འབྲེལ་གྱི་ལམ་ལུགས་ལུ་ བློ་གཏད་གནས་ཚུགས་པའི་དོན་ལུ་ དྭངས་གསལ་སྙན་ཞུ་དང་ ལྟ་རྟོག་དམ་དམ་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གཞི་སྒྱུར་གྱི་ཆ་ཤས་ཅིག་སྦེ་ བག་ལྡན་སྒྲིག་གཞི་༢༠༢༤ དང་ ལས་འཛིན་གཞུང་སྐྱོང་བཅའ་ཡིག་དང་སྒྲིག་གཞི་༢༠༢༤ འགོ་བཙུགས་ཡོདཔ་ད་ དེ་ནང་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ མ་དངུལ་ལྐོག་ཟ་འབད་མི་ཚུ་ དུས་ཡུན་ཆུ་ཚོད་༢༤ གི་ནང་འཁོད་ལུ་ སྙན་ཞུ་འབད་དགོཔ་སྦེ་ བཀོད་ཡོདཔ་ཨིན་པས།
བཀོད་ཁྱབ་གཙོ་འཛིན་དང་ བཀོད་ཚོགས་ཀྱི་འཐུས་མི་ཚུ་བརྩིས་ཏེ་ བཀོད་ཁྱབ་གོངམ་ཚུ་ སྒྲིག་གཞི་དང་མ་འཁྲིལ་བར་ སྡོད་མི་ལུ་བརྟེན་ ཐད་ཀར་དུ་ འགན་འཁྲི་འབག་དགོཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཉེན་ཁ་ཚུ་ སྔ་གོང་ལས་ ངོས་འཛིན་འབད་ནིའི་དོན་ལུ་ ས་ཁོངས་ནང་ ལྟ་རྟོག་འབད་ནི་དང་ ས་ཁོངས་ཀྱི་ཕྱི་ཁར་ ལྟ་རྟོག་འབད་ནི་ཚུ་ཡང་ ཡར་སེང་འབད་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ དངུལ་འབྲེལ་གནས་སྟངས་གཞི་སྒྱུར་ལུ་ གཙོ་རིམ་བཟུང་སྟེ་ གོང་འཕེལ་གཏང་ནི་དང་ ཚོང་འབྲེལ་ཆུང་བ་ཚུ་ ཡར་དྲག་གཏང་ནི་ དེ་ལས་ གཞུང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་ནིའི་དོན་ལུ་ ཁྲིམས་ལུགས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་འདུག།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་གཙུག་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཚོང་མགྲོན་པ་ཚུ་ལུ་ ཉེན་སྲུང་ཅན་གྱི་ དངུལ་འབྲེལ་ལག་ལེན་གྱི་ ཐབས་ཤེས་ཚུ་ སྟོན་ནིའི་ལཱ་ཚུ་འབད་དོ་ཡོདཔ་ད་ དེ་ཡང་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་གྱི་ པིན་དང་ ཡོངས་འབྲེལ་དངུལ་ལས་བརྡ་དོན་གྱི་ ཉེན་སྲུང་འབད་ཐངས་ཚུ་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།