༉ རྒྱལ་ཁབ་ཀྱི་བུ་ལོན་དེ་ དུས་ཅི་གི་ རྩིས་ལོ་༢༠༢༤-༢༠༢༥ འི་ གློག་མེ་ལས་འགུལ་ནང་ དངུལ་འབྲེལ་རྩིས་ཀྱི་བར་ན་ ཁྱད་པར་ཞུགས་མི་ལུ་བརྟེན་ ཚོད་རྩིས་བརྒྱ་ཆ་༡༢ ཡོདཔ་སྦེ་ དངུལ་རྩིས་ལྷན་ཁག་གིས་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།
བུ་ལོན་གྱི་ཚོད་རྩིས་ སྤྱིར་བཏང་ནང་འབདཝ་ད་ འདས་པའི་ལོ་ནང་ བུ་ལོན་དངུལ་ཀྲམ་ཐེར་འབུམ་༢༨༥.༡༨ དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༣༡༩.༠༧ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
བུ་ལོན་ཚུ་ཡང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ནང་འབདཝ་ད་ དུམ་གྲ་ཅིག་ མར་བབས་སོང་མི་དེ་ཡང་ འདས་པའི་ལོ་ནང་ བརྒྱ་ཆ་༡༠༧.༥ འབད་མི་དེ་ བརྒྱ་ཆ་༡༠༥.༩ ལུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཀྱི་བུ་ལོན་ ཡར་སེང་འགྱོ་དགོ་པའི་གནད་དོན་གཙོ་བོ་ར་ དུས་ཅི་གི་རྩིས་ལོ་ནང་ འགོ་བཙུགས་ནི་ཨིན་མི་ གློག་ཤུགས་ལས་འགུལ་ཆུང་བའི་ ལས་འཆར་དོན་ལུ་ འཛམ་གླིང་དངུལ་ཁང་དང་ ཨེ་ཤི་ཡེན་གོང་འཕེལ་དངུལ་ཁང་ཚུ་ལས་ བུ་ལོན་ལེན་མི་ཚུ་ཨིནམ་སྦེ་ཨིན་པས།
རྩིས་ལོ་༢༠༢༤-༢༥ ནང་ ནང་འཁོད་ཀྱི་བུ་ལོན་དེ་ དུམ་གྲ་ཅིག་ཡར་སེང་སོང་མི་དེ་ དངུལ་ཀྲམ་ཐེར་འབུམ་༣༠.༢༦ འབད་མི་གིས་ དངུལ་ཀྲམ་ཐེར་འབུམ་༨.༧༨ ཡར་སེང་སོང་ཡོདཔ་ད་ ཕྱིའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢༨༨.༨༡ འབད་མི་གིས་ དངུལ་ཀྲམ་ཐེར་འབུམ་༢༥.༡༡ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
གློག་མེ་ལས་འགུལ་གྱི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༧༦.༧༥ འབད་མི་གིས་ དངུལ་ཀྲམ་ཐེར་འབུམ་༩.༥༥ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ གློག་མེ་མེན་པའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༡༢.༠༦ འབད་མི་གིས་ དངུལ་ཀྲམ་ཐེར་འབུམ་༡༥.༥༥ དེ་ཅིག་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
དུས་ཅི་གི་ རྩིས་ལོ་ནང་འབད་བ་ཅིན་ ཕྱིའི་རྒྱལ་ཡོངས་ཀྱི་ བུ་ལོན་བརྒྱ་ཆ་༩༠.༥ དང་ ནང་འཁོད་ཀྱི་བུ་ལོན་དེ་ བརྒྱ་ཆ་༩.༥ སྦེ་ཡོདཔ་བཞིན་དུ་ ལོ་ཤུལ་མམ་གྱི་རྩིས་ལོ་༢༠༢༥-༢༦ ནང་ རྒྱལ་ཡོངས་ཀྱི་བུ་ལོན་དེ་ ཐེབས་དངུལ་ཀྲམ་༨༩༠.༥༩ འབད་མི་གིས་ དངུལ་ཀྲམ་ཐེར་འབུམ་༤༠༨.༦༦ འབདཝ་ད་ དེ་ཚུ་ འཆར་དངུལ་ཆད་ལུས་ཞུགས་མི་དང་ གློག་མེའི་ནུས་ཤུགས་ལུ་བརྟེན་ སྐྱིན་འགྲུལ་ལེན་དགོཔ་ཐོན་མི་ཚུ་ ཨིནམ་སྦེ་ཨིན་པས།
གནས་རིམ་བར་མའི་ནང་འབད་བ་ཅིན་ དངུལ་རྩིས་ལྷན་ཁག་གིས་ ཕྱི་དང་ ནང་འཁོད་ཀྱི་བུ་ལོན་གཉིས་ཆ་ར་ ཡར་སེང་འགྱོ་ནི་བཟུམ་ཡོད་མི་ཚུ་ཡང་ གློག་མེ་ནུས་ཤུགས་ཐེབས་ད་ དངུལ་འབྲེལ་གྱི་ཆད་ལུས་ཞུགས་མི་ཚུ་ བསུབ་ནིའི་དོན་ལུ་ འཆར་དངུལ་བསྐྱིན་འགྲུལ་ལེན་དགོཔ་ཐོན་མི་ལུ་བརྟེན་ འབྱུང་འོང་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༩ པ་ཚུན་ལུ་ རྒྱལ་ཡོངས་ཀྱི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢༩༠.༣ འབདཝ་ད་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༩༥.༢ དང་འདྲ་མཉམ་མཚམས་སྦེ་ཨིན་པས།
ཕྱིའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢༦༦.༦༦ གི་ རྩིས་ཁ་བཀོད་དེ་ཡོདཔ་ད་ ནང་འཁོད་ཀྱི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢༣.༦ ཨིན་མི་ཚུ་ཡང་ གཞུང་གིས་ མཛོད་དངུལ་འཛིན་ཤོག་རྒྱ་ཆེཝ་སྦེ་ར་བཞག་སྟེ་ གནས་གོང་རེ་གིས་ གནས་རྩིས་དངུལ་ཀྲམ་ཐེར་འབུམ་༢.༥ རེ་སྦེ་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་དང་འབྲེལ་བའི་བུ་ལོན་ ལས་འགུལ་སྦོམ་ཤོས་༦ འབད་མི་ཚུ་ མང་སྡེ་ཆུ་དང་ སྤུ་ན་གཙང་ཆུ་ལས་འགུལ་༡ པ་དང་༢ པ་ ནི་ཀ་ཆུ་ དར་དཀར་ཆུ་ དེ་ལས་ བ་སོ་ཆུ་ཚུ་གིས་ དངུལ་ཀྲམ་ཐེར་འབུམ་༡༦༦.༩༧ གནས་ཐོ་བཀོད་མི་གིས་ ཕྱིའི་བུ་ལོན་བརྒྱ་ཆ་༦༢.༦ ཡོདཔ་སྦེ་ཨིན་པས།
གློག་མེ་མེན་པའི་བུ་ལོན་ཚུ་ དངུལ་ཀྲམ་ཐེར་འབུམ་༩༩.༦༩ འབད་མི་གིས་ བརྒྱ་ཆ་༣ ཡར་སེང་སོང་སྟེ་ ཕྱིའི་རྒྱུ་དངོས་ཚུ་དང་འབྲེལ་བའི་ བརྒྱ་ཆ་༣༧.༤ ཡོདཔ་སྦེ་ཨིན་པས།
རྒྱ་གར་གྱི་རུ་པི་གི་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༡༧༢.༣༧ འབད་མི་དེ་ ཡུ་ཨེས་ཌི་ལུ་ ཁ་སྒྱུར་འབདཝ་ད་ ཐེར་འབུམ་༡.༡༣ ཡང་ན་ དངུལ་ཀྲམ་ཐེར་འབུམ་༩༤.༢༩ སྦེ་ ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༢༤-༢༥ ནང་ བུ་ལོན་གྱི་གནས་རྩིས་དེ་ བརྒྱ་ཆ་༢༡.༨ ནང་འཁོད་འོང་འབབ་དང་ ལྷག་ལུས་བརྒྱ་ཆ་༣༥ དེ་ སྤྱི་ལོ་༢༠༢༣ གྱི་ མི་མང་བུ་ལོན་འཛིན་སྐྱོང་སྲིད་འཆར་ནང་ ཡོདཔ་སྦེ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།