༉ སྤྱི་ཟླ ༡༢ པའི་ཚེས་༡༧ ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ པ་བརྩི་སྲུང་ཞུཝ་དང་འབྲེལ་ མེ་ག་ཝཱཊ་༡,༠༢༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ མེ་ག་ཝཱཊ་༡༧༠ རེ་འབད་མི་ ཡུ་ནིཊ་༢ མཐར་འཁྱོལ་ཅན་ཅིག་སྦེ་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།
དབྱེ་ཞིབ་འབད་བའི་ཤུལ་ལུ་ གློག་མེ་རྒྱུན་ལམ་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ལས་ ཉིནམ་དང་པའི་ནང་ར་ མཇུག་བསྡུ་ནི་ཨིན་པས།
བརྟག་དཔྱད་འབད་ཚར་ཞིནམ་ལས་ འབྲུག་པའི་ལམ་ལུགས་ལག་ལེན་པ་གིས་ ཚོང་འབྲེལ་ལག་ལེན་ཚེས་གྲངས་ ལག་ཁྱེར་བྱིན་ནི་ཨིན་པས།
དེ་མ་འབད་ཚུན་ གློག་མེ་རྒྱུན་ལམ་ལུ་ གློག་མེ་བཀྲམ་སྤེལ་ ག་ཅི་ར་ཨིན་རུང་ ནུས་ཤུགས་ཞན་ཁོག་གམ་ ནུས་མེད་ངོས་ལེན་འབད་ནི་ ཨིན་མི་དེ་ཡང་ གློག་མེ་དེ་ ཡུ་ནིཊ་རེ་ ཡང་ཅིན་ གློག་མེ་ཐོན་སྐྱེད་ལྟེ་བའི་ནང་ ཚོང་འབྲེལ་ལག་ལེན་གི་དོན་ལུ་ གློག་མེ་རྒྱུན་ལམ་ལུ་ གློག་མེ་བཀྲམ་སྤེལ་ མ་འབདཝ་བཟུམ་ཅིག་ཨིན་པས།
ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དེ་འཕྲོ་ལས་ གློག་མེ་ཡུ་ནིཊ་ཚུ་ ཧྲིལ་བུ་སྦེ་ ལག་ལེན་མི་འཐབ་ནི་ཨིནམ་ད་ འཕྲུལ་ཆས་ནང་ ནུས་ཤུགས་ཀྱི་ཤུགས་ཚད་དེ་ འགྲོས་ཀྱིས་བཏང་སྟེ་ ཡུ་ནིཊ་རེ་ལུ་ མེ་ག་ཝཱཊ་༢༠ རེ་སྦེ་ འགོ་བཙུགས་འོང་ཟེར་ཨིན་པས།
ཡུ་ནིཊ་རེ་ལུ་ ནུས་ཤུགས་མེ་ག་ཝཱཊ་༡༧༠ དེ་རེ་ཡོདཔ་ལས་ ཡུ་ནིཊ་ག་ར་ ལག་ལེན་འཐབ་པའི་བསྒང་ལས་ ལོ་བསྟར་བཞིན་དུ་ དེ་གིས་ ཡུ་ནིཊ་ས་ཡ་༤.༣ ཐོན་སྐྱེད་འབད་ཚུགས་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཡུ་ནེཊ་༢ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ལས་ གློག་མེ་ཐོན་ཤུགས་མར་བབས་འགྱོ་བའི་སྐབས་ དེ་གིས་ འབྲུག་པའི་གློག་མེ་ཐོན་སྐྱེད་ལུ་ ལྷན་ཐབས་བྱུང་པའི་ཁར་ རྒྱ་གར་ལས་ གློག་མེ་ནང་འདྲེན་ཡང་ མར་ཕབ་འབད་ཚུགས་ནི་ཨིན་པས།
ད་རེས་ནངས་པ་ སྤྱི་ལོ་༢༠༢༥ འི་ནང་འཁོད་ལུ་ ལྷག་ལུས་ཡུ་ནིཊ་༤ དེ་ མཇུག་བསྡུ་ནིའི་དོན་ལུ་ ལཱ་རྩ་འགེངས་ཏེ་ འབད་བའི་བསྒང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༨ པའི་ནང་ གློག་མེ་སྒྱིར་འཕྲུལ་༢ བརྟག་དཔྱད་འབད་ནི་ འགོ་བཙུགས་ཡོད་རུང་ གློག་མེ་ཁང་ནང་ལས་ ཆུ་འཛགས་ཡོད་མི་ལུ་བརྟེན་ མཚམས་འཇོག་འབད་དགོཔ་ བྱུང་ཡོདཔ་ཨིན་པས།
ཆུ་རྫིང་ལམ་ལུགས་ལས་ ཆུ་བཏོན་བཏང་སྟེ་ མཁས་མཆོག་ཚུ་གིས་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ འབྲུག་དང་ རྒྱ་གར་གྱི་བར་ན་ གློག་མེ་སྤྱོད་འཐུས་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ལས་ འཕྲལ་མགྱོགས་ར་ མཇུག་བསྡུ་འོང་ཟེར་ཨིན་པས།
གློག་མེ་ཡུ་ནིཊ་ དབྱེ་ཞིབ་འབད་མི་གིས་ རྒྱ་གར་ལུ་ གློག་མེ་བཀྲམ་སྤེལ་ ལྷན་ཐབས་འབད་ནི་ཨིནམ་བཞིན་དུ་ དེ་ཡང་ ལས་འགུལ་གོང་འཕེལ་གྱི་དོན་ལུ་ དྲན་རྟགས་ཅན་ཅིག་ཨིན་པས།
སྤྱི་ལོ་༢༠༢༥ གི་ནང་འཁོད་ལུ་ གློག་མེ་འཕྲུལ་ཁང་གི་ ཡུ་ནིཊ་༦ པོ་ཆ་ར་ གློག་མེ་ཐོན་སྐྱེད་འབད་བའི་བསྒང་ལས་ འབྲུག་ལུ་ གློག་མེ་ཐོན་སྐྱེད་ནུས་ཤུགས་དེ་ མེ་ག་ཝཱཊ་༣,༤༦༥ ལུ་ ཡར་འཕར་འགྱོ་ནི་ཨིན་པས།
གློག་མེ་ཡུ་ནིཊ་ བརྟག་ཞིབ་འབད་བའི་ ལས་རིམ་ནང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་དང་ ལྷན་ཁག་ རྫོང་ཁག་ དེ་ལས་ ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དེ་ རྒྱ་འབྲུག་༢ ཀྱི་ མཉམ་འབྲེལ་ལས་འགུལ་ཅིག་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༠ ལས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ད་ ལས་འགུལ་གྱི་ཟད་འགྲོ་ཡང་ དངུལ་ཀྲམ་ཐེར་འབུམ་༣༧ ཚོད་རྩིས་བཏོན་ནུག།
ཨིན་རུང་ ད་རེས་ ལས་འགུལ་གྱི་ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༩༤.༤༥ ལུ་ ཡར་སེང་སོང་ ཡོདཔ་ཨིན་པས།
གློག་མེ་ལས་སྡེ་ནང་ འབྲུག་དང་ རྒྱ་གར་གྱི་བར་ན་ ཡུན་རིང་གི་ མཉམ་འབྲེལ་མཛའ་བཤེས་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ཚོད་ གཞུང་༢ ཆ་ར་གིས་ གློག་མེ་ལས་འགུལ་སྦོམ་ཚུ་ནང་ མཉམ་འབྲེལ་འབད་དེ་ཡོདཔ་ད་ གློག་མེ་ལས་འགུལ་ཚུ་ཡང་ མེ་ག་ཝཱཊ༌༣༣༦ འབད་མི་ ཆུ་ཁ་གློག་མེ་ལས་འགུལ་དང་ མེ་ག་ཝཱཊ་༦༠ འབད་མི་ ཀུར་རི་ཆུ་གློག་མེ་ལས་འགུལ་ མེ་ག་ཝཱཊ་༡,༠༢༠ འབད་མི་ དར་ལ་གློག་མེ་ལས་འགུལ་ དེ་ལས་ མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་ཚུ་ཨིནམ་ད་ ཡོངས་བསྡོམས་གློག་མེ་མེ་ག་ཝཱཊ་༢,༡༣༦ ལུ་ མཉམ་འབྲེལ་ཐོན་སྐྱེད་འབད་ཚུགས་ཏེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།