༉ ཁ་ཙ་ རྒྱལ་ཡོངས་ཚེོགས་འདུ་གིས་ རྩིས་ལོ་༢༠༢༤-༢༥ ལོའི་ རྒྱལ་ཡོངས་འཆར་དངུལ་ ཆ་འཇོག་འབད་ཡོདཔ་ཨིན་པས།
དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ བར་མཚམས་-གཤོང་ཕུག་གི་འཐུས་མི་ རིན་ཆེན་དབང་འདུས་ཀྱིས་ རྒྱལ་ཡོངས་འཆར་དངུལ་ རྩིས་ལོ་༢༠༢༤-༢༥ དང་ ལྷན་ཐབས་འཆར་དངུལ་ རྩིས་ལོ་༢༠༢༣-༢༤ གི་ ཞིབ་རྟོགས་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ཕུལ་ཡི།
ཚོགས་ཆུང་གིས་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ འཐུས་མི་ཚུ་གིས་ རྩིས་ལོ་༢༠༢༣-༢༤ ལུ་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༣.༢ མཉམ་བསྡེབ་འབད་ནི་ལུ་ ངོས་ལེན་འབད་ཡོདཔ་ཨིན་པས།
འབྲུག་བཟའ་ཆས་དང་སྨན་རིགས་དབང་འཛིན་དང་ འཆར་དངུལ་བསྐྱར་གསོ་ལུ་ དངུལ་ཀྲམ་ས་ཡ་༡༤༠ ཐེབས་བྱིན་དགོཔ་སྦེ་ ཆ་འཇོག་གནང་ཡི།
རྩིས་ལོ་༢༠༢༤-༢༠༢༥ གི་དོན་ལུ་ འབྲུག་བཟའ་ཆས་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༡༦༠.༢༩༢ ཀྱི་ འཆར་དངུལ་དང་ དངུལ་ཀྲམ་ས་ཡ་༧༣.༨༦༡ ཨིན་རུང་ དེ་གི་དོན་ལུ་ དམིགས་བསལ་གྱིས་ འཆར་དངུལ་ཐེབས་དགོཔ་འདུག།
མ་དངུལ་ཐེབས་དེ་ཡང་ རྒྱལ་ཡོངས་ཟས་བཅུད་བརྟག་དཔྱད་འཕྲུལ་ཁང་གི་ ནུས་ཤུགས་ཡར་དྲག་གཏང་ནི་དང་ ཟས་བཅུད་དང་ བཟའ་འཐུང་གི་རིགས་ཚུ་ ཕྱིར་ཚོང་དང་ ནང་འདྲེན་འབད་ནི་ལུ་ ལྷན་ཐབས་འབད་ཐབས་ལུ་ ལག་ཁྱེར་གྱི་ ཞབས་ཏོག་ཚུ་ ཡར་དག་གཏང་ནི་དོན་ལུ་ཨིན་པས།
རྩིས་ལོ་༢༠༢༤-༢༥ ལུ་ དབང་འཛིན་ལུ་ གསར་སྒྲུབ་འཆར་དངུལ་ དངུལ་ཀྲམ་ས་ཡ་༧༣.༨༦ བགོ་བཀྲམ་འབད་དེ་ཡོདཔ་ད་ འཆར་གཞི་༡༣ པའི་ནང་ སོ་ནམ་དང་ སྒོ་ནོར་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ དངུལ་ཀྲམ་ཐེར་འབུམ་༥༠ འབད་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།
གསར་སྒྲུབ་འཆར་དངུལ་ ཡར་སེང་འབད་ནི་ལུ་ ངོས་ལེན་འབད་ཐོག་ལས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཞུ་མིའི་ནང་ འཆར་གཞི་༡༣ པའི་ནང་ དབང་འཛིན་ལུ་ ཆེད་དམིགས་སྦེ་ དངུལ་ཀྲམ་ས་ཡ་༦༤༥.༧ བཞག་སྟེ་ཡོདཔ་ད་ རྩིས་ལོ་དེ་ནང་ དངུལ་ཀྲམ་ས་ཡ་༨༢ གྲོས་འཆར་བཙུགས་མི་ལས་ དངུལ་ཀྲམ་ས་ཡ་༧༣.༨༦ འབདཝ་ད་ བརྒྱ་ཆ་༡༢ བགོ་བཀྲམ་འབད་དེ་ ཡོད་ཟེར་ཨིན་པས།
དེ་ལས་ འཐུས་མི་ཚུ་གིས་ སོ་ནམ་དང་སྒོ་ནོར་ལྷན་ཁག་འོག་ལུ་ སྤྱི་རུབ་ཚོང་འབྲེལ་དང་ ཁྲོམ་གྱི་མཐའ་འཁོར་ལུ་ སོ་ནམ་ལཱ་འབད་ནི་ལུ་ ངོས་ལེན་འབད་ཡོདཔ་ད་ ཚོགས་ཆུང་གི་ གྲོས་འདེབས་དང་འཁྲིལ་བ་ཅིན་ ཚོང་འབྲེལ་གྱི་ཐོག་ལས་ སོ་ནམ་གྱི་ལཱ་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ ཟད་འགྲོ་གཏང་དོ་ཡོདཔ་ལས་ ཧེ་མ་ལས་ ཚོང་འབྲེལ་ བརྒྱུད་དེ་ སོ་ནམ་གྱི་ལཱ་འབད་མི་ སོ་ནམ་པ་ཚུ་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིནམ་ལས་ ཞིབ་འཚོལ་འབད་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ ཚོང་འབྲེལ་གྱི་དོན་ལུ་ ཐོན་སྐྱེད་འབད་མི་ ལ་ཐོག་ཚུ་ལུ་ ཁྱད་རིག་གི་ནུས་པ་དང་ ཚོང་འབྲེལ་གྱི་གནས་སྟངས་ཚུ་ བརྟག་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
གལ་སྲིད་ འོས་འབབ་མཐོང་པ་ཅིན་ བཟྱོ་སྐྲུན་དང་ ཅ་དངོས་དང་ ཚོང་འབྲེལ་གྱི་ འཆར་གཞི་ཅིག་ བཟོ་སྟེ་ཡོད་པའི་ཁར་ ལས་བྱེདཔ་ཚུ་གི་ འགན་ཁུར་དང་ འགན་འཁྲི་ཚུ་ ངེས་པར་དུ་ བཀོད་དེ་བཞག་དགོཔ་འདུག་ཟེར་ ཚོགས་ཆུང་གིས་ བཀོད་ཡོདཔ་ཨིན་པས།
སྤྱི་རུབ་ཞིང་གི་དོན་ལུ་ སོ་ནམ་ལས་ལྷན་ཁག་ལས་ འཆར་དངུལ་གྱི་ རྒྱབ་སྐྱོར་བྱིན་ནི་མེན་པར་ སོ་ནམ་འཕྲུལ་ཆས་ལས་འཛིན་ལུ་ ཐད་ཀར་དུ་ རྒྱུ་དངུལ་བཙུགས་ཏེ་ རྩིས་སྤྲོད་འབད་དགོཔ་དང་ སྤྱི་རུབ་ཚང་འབྲེལ་ལས་འགུལ་གྱི་བདག་དབང་བྱིན་དགོཔ་ཨིན་པས།
རྩིས་ལོ་༢༠༢༤-༢༥ ལུ་ སྤྱི་རུབ་ཞིང་དངུལ་ཀྲམ་ས་ཡ་༣༢༤ དང་ ཚོང་འབྲེལ་གྱི་དོན་ལུ་ ཉ་ཁག་ཅུ་དང་ མེ་ཏོག་ཧོན་ཚོད་ ཨེ་མ་དང་ ཀེ་བ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༥.༥ དེ་ལས་ ཁྲོམ་དང་ཁྲོམ་གྱི་ མཐའ་འཁོར་ལུ་ཡོད་པའི་ སོ་ནམ་ལཱ་ཚུ་ལུ་ དངུལ་ཀྲམ་ས་ཡ་༧ བགོ་བཀྲམ་འབད་ཡོདཔ་ཨིན་པས།
སྤྱི་རུབ་གསོ་སྐྱོང་ཁང་བཙུགས་ནིའི་ འཆར་གཞི་ཡོད་མི་ཚུ་ཡང་ དར་དཀར་ནང་ གཱང་ཏ་ཀ་དང་ བསམ་སྒྲུབ་ལྗོངས་ཁར་ལུ་ཡོད་པའི་ འཛོམས་གླིང་ཐང་ག་༢ ཨིནམ་ད་ ལས་འགུལ་དེ་ཡང་ སོ་ནམ་འཕྲུལ་ཆས་དང་ རྒྱལ་སྲུང་གི་མཉམ་ འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་གིས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེའི་རིགས་ཚུ་ རང་སོའི་སོ་ ནམ་པ་ཚུ་གིས་ སྲུང་སྐྱོབ་ཅན་གྱི་ ལྡུམ་ར་ཚུ་ནང་ འཛུགས་སྐྱོང་འབད་ནི་ཨིན་པས།
འཐུས་མི་ཚུ་གིས་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ བཙོང་ས་མེད་པའི་ ཚ་གྱང་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་པས།
སོ་ནམ་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ ཞུ་མིའི་ནང་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་བཙོང་ནི་ ས་གོ་མེད་མི་ གནད་དོན་གཅིགཔོ་དེ་ ལམ་སྟོན་ལེགས་ཤོམ་ཅིག་ མེད་མི་ལུ་བརྟེན་ཨིནམ་ད་ སོ་ནམ་དེ་ཚུ་གིས་ རང་སོའི་སོ་ནམ་གྱི་ ཐོན་སྐྱེད་ཚུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་དང་ རྒྱལ་སྲུང་གི་ལྟེ་བ་ཚུ་ནང་ ཚོང་འབྲེལ་འཐབ་ཚུགས་ཟེར་ཨིན་པས།
ཚོགས་ཆུང་གིས་ ཞིབ་རྟོག་བྱུང་མི་དང་ཁྲིལ་ཏེ་ སྱོ་ནམ་དང་སྒོ་ནོར་ལྷན་ཁག་འོག་ལས་ ལས་འགུལ་འདི་ རྫོང་ཁག་༥ འི་ནང་ ལྕགས་སྐུད་ར་བ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༤༥ བགོ་བཀྲམ་འབད་དེ་ ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ སློབ་གྲ་ཚུ་ནང་ ཉི་དྲོད་བཙུགས་ནི་དང་ རྒྱུན་སྐྱོང་གི་ ལག་ལེན་ བདག་དབང་དེ་ ནུས་ཤུགས་ལས་ཁུངས་བྱིན་ནི་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པས།
འཆར་དངུལ་སྙན་ཞུ་དང་འཁྲིལ་བ་ཅིན་ སློབ་གྲྭ་ཁག་༢༠ ནང་ གློག་ཤུགས་མེ་ག་ཝཱཊ་བཙུགས་ནིའི་དོན་ལུ་ འཆར་དངུལ་ཐེར་འབུམ་༡༩.༨༨ བགོ་བཀྲམ་འབད་དེ་ཡོདཔ་ཨིན་པས།
དངུལ་ཀྲམ་ས་ཡ་༧༧.༠༥ པོ་དེ་ སོ་ནམ་དང་སྒོ་ནོར་ལས་ཁུངས་ཀྱིས་ ཀར་ལེབ་ཐོག་ལས་ དངུལ་འབྲེལ་གྲོགས་རམ་སྦེ་ རྒྱལ་སྤྱི་ཀོ་ཕུ་ཀུ་ཚད་འཛིན་ལུ་བྱིན་མི་དེ་ རྒྱལ་ཡོངས་འཆར་དངུལ་ནང་ལས་ བཏོན་གཏང་ནི་དང་ བུ་ལོན་གི་འགན་ཁུར་དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལུ་ སྤོ་བཤུད་འབད་དགོཔ་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པས།
གཞུང་ལམ་དེ་ རྒྱལ་ཁབ་ཀྱི་ མི་སེར་ཚུ་གི་དོན་ལུ་ དཔལ་འབྱོར་ཡར་རྒྱས་དང་ འཚོ་བ་སྐྱོང་ཐབས་ལུ་ སྲུང་སྐྱོབ་ཀྱི་ལམ་ཅིག་ཨིནམ་སྦེ་ ངོས་ལེན་འབད་དེ་ ཡོངས་འབྲེལ་གོང་འཕེལ་གྱི་ གཞི་རྩ་ལུ་ གཞི་བཞག་ཐོག་ལས་ གཞུང་ལམ་གྱི་དོན་ལུ་ ཐོན་སྐྱེད་ཚུ་ བགོ་བཀྲམ་འབད་ནི་ལུ་ གཙོ་རིམ་བཟུང་དགོ་པའི་ གྲོས་འདེབས་དེ་ ཆ་འཇོག་འབད་ཡོདཔ་དེ་ཡང་ རྫོང་ཁག་དང་ ས་ཁོངས་གཞན་ཚུ་ནང་ ཚད་ལྡན་གྱི་ འཁོར་ལམ་དང་ དེ་གི་ མཐའ་འཁོར་གྱི་ མཐུན་རྐྱེན་ཚུ་ ལེགས་ཤོམ་མེད་མི་ལུ་བརྟེན་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་ལམ་གོང་འཕེལ་དང་ ཉམས་སྲུང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༨༦༧ བགོ་བཀྲམ་འབད་མི་དེ་ཡང་ ལོ་༡ ནང་ ས་གནས་དང་ ལཱ་གི་གནས་ཚད་ཚུ་ གསལ་བཀོད་འབད་དགོཔ་སྦེ་ གྲོས་འདེབས་བཀོད་མི་དཡང་ ཆ་འཇོག་འབད་ནུག།
རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ལོ་༢༠༠༧ གྱི་ གཞུང་གི་མ་དངུལ་བཅའ་ཁྲིམས་ཀྱི་ དོན་ཚན་༥ པའི་ནང་ བཀོད་དེ་ཡོད་མི་དང་ རྒྱལ་ཡོངས་ཚོང་ལས་བཟོ་ནི་གི་ དགོས་མཁོ་དང་འཁྲིལ་ རྒྱལ་ཡོངས་འཆར་དངུལ་ལས་ འབྲུག་ལྔོ་ལྗངས་ཚད་འཛིན་ལུ་ དངུལ་ཀྲམ་ས་ཡ་༢༥.༩༩ བགོ་བཀྲམ་འབད་མི་དེ་ ཕྱིར་བཏོན་འབད་ནི་སྦེ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་འདུ་གིས་ ལས་འགུལ་དང་འབྲེལ་བའི་གྲོགས་རམ་ཚུ་གི་ལམ་སྟོན་བཟོ་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ ལམ་སྟོན་དེ་ཡང་ དགོས་མཁོ་དང་ བསྐྱར་ཞིབ་དང་འཁྲིལ་ཏེ་ཨིན་པས།
གྲོགས་རམ་ལས་འགུལ་འོག་ལུ་ འཆར་གཞི་༣ པའི་ འཆར་ལོ་༢༠༢༤-༢༥ འི་ནང་ ལས་འགུལ་དང་འབྲེལ་བའི་གྲོགས་རམ་ དངུལ་ཀྲམ་ཐེར་འབུམ་༡༤.༨༥༤ བགོ་བཀྲམ་འབད་མི་དེ་ཡང་ འཆར་ལོ་༡༣ པའི་ནང་ ལས་འགུལ་དང་འབྲེལ་བའི་གྲོགས་རམ་ དངུལ་ཀྲམ་ཐེར་འབུམ་༨༠ ཡོད་མི་ལས་ བརྒྱ་ཆ་༡༨.༦ དེ་ཅིག་ཨིན་པས།
ཚོགས་ཆུང་གི་ ཁྲི་འཛིན་དང་འཁྲིལ་བ་ཅིན་ ལུང་ཕྱོགས་གོང་འཕེལ་གྱི་ དགོས་མཁོ་ཚུ་དང་བསྟུན་ཏེ་ གཞུང་གིས་ ལས་འགུལ་དང་འབྲེལ་བའི་ གནང་བྱིན་ཚུ་ བྱིན་ནི་གི་ ལམ་སྟོན་ཅིག་བཟོ་དགོཔ་ འདུག་ཟེར་ཞུ་ཡི།
ཚོགས་ཆུང་གིས་ གཞུང་ལུ་ ལོ་བསྟར་རྩིས་ཁྲ་ མ་ཚང་ཉུང་སུ་ཅིག་(ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༣) དང་ དེ་གི་ཤུལ་ལས་ ལོ་བསྟར་རྩིས་ཁྲ་ མ་ཚང་ཉུང་སུ་ཅིག་ བཟོ་དགོཔ་སྦེ་ གྲོས་འདེབས་ཕུལ་ནུག།
གཞུང་ལུ་ མ་དངུལ་གྱི་འཆར་དངུལ་ མ་བཏུབ་བཏུབ་སྦེ་ ལག་ལེན་འཐབ་ནི་ ཡང་ཅིན་ འཆར་དངུལ་གྱི་ མ་དངུལ་ཚུ་ མར་ཕབ་འབད་ནིའི་ ཐབས་ལམ་ཚུ་ བཏོན་དགོ་པའི་ གྲོས་འདེབས་ཡང་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ བརྒྱ་ཆ༢༠ དེ་ཅིག་ ལག་ལེན་འཐབ་མ་ཚུགསཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལོ་བསྟར་རྩིས་ཞིབ་སྙན་ཞུ་ནང་ཡང་ བཀོད་དེ་ཡོདཔ་ད་ ལོ་བསྟར་འཆར་དངུལ་གྱི་ བློ་གཏད་དང་ འོས་འབབ་དང་བསྟུན་པའི་ གནད་དོན་ཚུ་ དམིགས་བསལ་དུ་བཀོད་དེ་འདུག་ཟེར་ཨིན་པས།
མི་སྟོབས་གོང་འཕེལ་དང་ ཞིབ་འཚོལ་དང་ གོང་འཕེལ་ དེ་ལས་ ཐོན་སྐྱེད་ཚུ་ བགོ་བཀྲམ་འབད་ནིའི་དོན་ལུ་ འཆར་ལོ་༢༠༢༤-༢༥ ལུ་ འཆར་དངུལ་ཚད་ལྡན་ཅིག་ བགོ་བཀྲམ་འབད་དེ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལག་ལེན་འཐབ་དགོཔ་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ གཞུང་ལུ་ རྒྱལ་ཁབ་ནང་ གོང་ཚད་ཡར་སེང་གི་ ཉེན་ཁ་མར་ཕབ་ལུ་ ཐབས་ལམ་ཚུ་ བཏོན་དགོཔ་སྦེ་ གྲོས་འདེབས་བཀོད་ཡོདཔ་ད་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཞུ་མིའི་ནང་ མཁས་མཆོག་ཚུ་གིས་ འཆར་གཞི་༡༣ པའི་ནང་ སྐྱ་ནམ་གོང་ཚད་ བརྒྱ་ཆ་༤ ལས་༥ ཚུན་ ཡར་འཕར་འགྱོ་ནི་གི་ སྔོན་རྟགས་འབད་དེ་ འདུག་ཟེར་ཨིན་པས།
གཞུང་གིས་ དངུལ་རྩིས་ལྷན་ཁག་དང་ འབྲེལ་བ་དམ་དམ་འཐབ་སྟེ་ དཔལ་འབྱོར་ལུ་ གནོད་སྐྱོན་མ་འབྱུང་ནིའི་ དོན་ལུ་ ཏི་རུ་ལྷག་ལུས་ འཛིན་སྐྱོང་འབད་ནི་གི་ ཐབས་ལམ་གསརཔ་ཚུ་ བརྟག་ཞིབ་འབད་དགོཔ་སྦེ་ གྲོས་འདེབས་བཀོད་མི་ཡང་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་ རིན་ཆེན་དབང་འདུས་ཀྱིས་ ཞུ་མིའི་ནང་ ཚོང་འབྲེལ་ནང་ དངུལ་ཀྲམ་ཐེར་འབུམ་༡༠ དེ་ཅིག་ ལྷག་ལུས་ཡོད་པའི་ཁར་ རྩིས་ལོ་༢༠༢༤-༢༥ ལུ་ དངུལ་ཀྲམ་ཐེར་འབུམ་༡༣.༥ དེ་ཅིག་ ཡར་སེང་འགྱོ་ནིའི་ཚོད་རྩིས་བཏོན་ཏེ་ འདུག་ཟེར་ཨིན་པས།
གནད་དོན་དེ་ལུ་ དངུལ་རྩིས་བློན་པོ་གིས་ ཞུ་མིའི་ནང་ ད་རེས་ ཏི་རུ་ལྷག་ལུས་ དངུལ་ཀྲམ་ཐེར་འབུམ་༥.༦ ཡོདཔ་ད་ ནད་ཡམས་སྐབས་ ལྷག་ལུས་དངུལ་ཀྲམ་ཐེར་འབུམ་༤༢.༩ སྡོད་ཅི་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡ ལས་ ཁྱིམ་དང་ བཟོ་སྐྲུན་གྱི་ སྐྱིན་འགྲུལ་མཚམས་འཇོག་འབད་མི་དེ་ ལོག་བྱིན་ནི་དང་ སྤྱི་ཟླ་༨ པའི་ཚེས་༡ ལས་ སྣུམ་འཁོར་ནང་འདྲེན་འབད་ཆོགཔ་བཟོ་མི་གིས་ ཏི་རུ་ལྷག་ལུས་དེ་ འཛིན་སྐྱོང་འཐབ་ཚུགས་ནི་ཨིན་པས།
འབྲུག་རྒྱལ་ཁབ་འདི་ བཟོ་སྐྲུན་འབད་མ་ཚུགསཔ་མ་ཚད་ ཅ་ཆས་བརྒྱ་ཆ་༨༠ དེ་ཅིག་ ཕྱི་ཁ་ལས་ མཁོ་སྒྲུབ་འབད་ དགོཔ་ལས་ ཚོགས་ཆུང་གིས་ གཞུང་ལུ་ ཕྱིར་ཚོང་ཡར་དྲག་གཏང་ནི་དང་ ནང་འདྲེན་ཚབ་བཙུགས་ནི་ལུ་ གཙོ་བོར་ བཏོན་དགོཔ་སྦེ་ གྲོས་འདེབས་བཀོད་ ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ ཞུ་མིའི་ནང་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༠ ནང་འཁོད་ལུ་ ཕྱིའི་མ་དངུལ་ཟུར་གསོག་ ཡུ་ཨེསི་ཌོ་ལར་ས་ཡ་༦༠༨ ཡོདཔ་བཞིན་དུ་ དེ་གིས་ ཉེར་མཁོའི་ཅ་ཆས་ ཟླཝ་༡༥.༧ ནང་འདྲེན་འཐབ་ནི་ལུ་ ལང་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དེ་ སྤྱི་ཟླ་༨ པའི་ཚེས་༡༥ ལས་ གློག་མེ་ཐོན་སྐྱེད་འབད་ནི་ འགོ་བཙུགས་ནི་དང་ གཞུང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡༥ དེ་ལས་ འཆར་གཞི་༡༣ པའི་ནང་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༨༥ དང་ ཟུང་ཕྱོགས་མཉམ་འབྲེལ་དང་ གོང་འཕེལ་དངུལ་ཁང་ཚུ་གིས་ དངུལ་ཀྲམ་ཐེར་འབུམ་༤༠ བྱིན་ནི་ཨིནམ་ལས་ དེ་གིས་ ཕྱིའི་ཟུར་གསོག་མ་དངུལ་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབད་ཚུགས་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་འདུ་གིས་ དངུལ་འབོར་ཡར་སེང་ སོང་མི་གིས་ ཉོ་ནིའི་ནུས་ཤུགས་ མར་ཕབ་འགྱོ་དོ་ཡོདཔ་ལས་ སྤྱི་ལོ་༢༠༢༤ ཟླ་༤ པ་ལས་ དངུལ་ཀྲམ་གྱི་ ཉོ་ནིའི་ནུས་ཤུགས་དེ་ བརྒྱ་ཆ་༤.༨ མར་བབས་སོང་ཡོདཔ་ལས་ གཞུང་གིས་ འཆར་དངུལ་ལས་སྡེ་ཚུ་གི་ དུས་རྒྱུན་འཆར་དངུལ་ནང་ དངུལ་འབོར་ཡར་སེང་འབད་དགོ་པའི་ གྲོས་འདེབས་ཡང་ ཆ་འཇོག་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་འཆར་དངུལ་ རྩིས་ལོ་༢༠༢༤-༢༥ དེ་ཡང་ ཚོགས་ཁང་ནང་ འཐུས་ཡོངས་བསྡོམས་༤༦ ཡོད་མི་ ག་ར་གིས་ དགོ་ཟེར་མི་ ཚོགས་རྒྱན་བཙུགས་ཏེ་ ཆ་འཇོག་གྲུབ་ཅི།
དེ་ལས་ ལྷན་ཐབས་འཆར་དངུལ་ རྩིས་ལོ་༢༠༢༣-༢༤ དེ་ཡང་ འཐུས་མི་༤༥ གིས་ དགོ་ཟེར་མི་ ཚོགས་རྒྱན་བཙུགས་ཏེ་ མང་མོས་སྒོ་ལས་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།