༉ ལོ་ངོ་བདུན་གྱི་རྒྱབ་ལས་ གཉེན་སྦྱོར་གྱི་བཅའ་ཁྲིམས་དེ་ རྒྱལ་ཡོངས་ཚོགས་ཁང་ནང་ བསྐྱར་ཞིབ་ཀྱི་དོན་ལུ་ ཕུལ་དོ་ཡོདཔ་ད་ དེ་ཡང་ ད་ལྟོའི་བསྐྱར་ཞིབ་སྐབས་ འཕྲི་སྣོན་དེ་ དོན་ཚན་གཅིག་གུ་ལུ་ རྐྱངམ་གཅིག་འབད་ནི་ཨིན་མི་དེ་ཡང་ གཉེན་སྦྱོར་བསྡོམས་པའི་སྐབས་སུ་ ལོ་ཚད་གཏན་འཁེལ་ཐོག་ འབད་ནི་ཨིན་པས།
འབྲུག་གི་གཉེན་ཐམ་བཅའ་ཁྲིམས་༡༩༨༠ ཅན་མའི་ནང་ ཁྲིམས་དོན་ཐོག་ལུ་ གཉེན་སྦྱོར་གྱི་ལོ་ཚད་དེ་ ཨམ་སྲུ་ཚུ་ སྐྱེས་ལོ་༡༦ དང་ ཕོ་སྐྱེས་ཚུ་ སྐྱེས་ལོ་༡༨ སྦེ་ཡོདཔ་ལས་ དེ་གིས་ ཁྲིམས་གཞན་ཚུ་ནང་ བསྟར་སྤྱོད་འབད་བའི་སྐབས་སུ་ བྱ་སྟབས་མ་བདེཝ་ཐོན་དོ་ཡོདཔ་ལས་ དེ་གཉིས་གཅིག་མཚུངས་སྦེ་ སྐྱེས་ལོ་༡༨ ལུ་ བཟོ་ནི་ཨིན་པས།
ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཀུན་དགའ་གིས་ གསལ་ཞུ་འབད་མིའི་ནང་ རྒྱལ་ཁབ་ནང་ སྤྱིར་བཏང་སྐྱེས་ལོ་༡༨ དེ་ར་ ངོས་ལེན་འབད་དོ་ཡོད་པའི་ཁར་ དེ་ཚུ་གཉེན་ཐམ་གྱི་བཅའ་ཁྲིམས་ནང་ གསལ་ཏོག་ཏོ་སྦེ་འཁོད་དེ་ འདུག་ཟེར་ཨིནམ་ལས་ དེ་ཚུ་ག་ར་ གཅིག་མཚུངས་དགོཔ་འདུག་ཟེར་ ཞུ་ཡི།
མངོན་མཐོ་ཁྲིམས་འདུན་གྱི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ནང་ འབྲུག་ཁག་འབག་བཅའ་ཁྲིམས་༢༠༡༣ ཅན་མ་དང་ ཨ་ལོ་མཐའ་སྐྱོང་དང་ སྲུང་སྐྱོབ་ཉེན་སྲུང་བཅའ་ཁྲིམས་ཚུ་ག་རའི་ནང་ ཁྲིམས་མཐུན་ལུ་ ཕོ་མོ་གཉིས་ཆ་རའི་ལོ་ཚད་དེ་ སྐྱེས་ལོ་༡༨ སྦེ་ ངོས་ལེན་འབད་དེ་འདུག་ཟེར་ཨིན་པས།
འཁྲི་སྣོན་གྱི་གྲོས་གཞི་དེ་ འབྲུག་གི་གཉེན་སྦྱོར་བཅའ་ཁྲིམས་༡༩༨༠ ཅན་མའི་དོན་ཚན་ཁ་པའི་༡-༡༤ ནང་འཁོད་ལུ་ འཁྲི་སྣོན་དཔྱད་ཡིག་༢༠༢༤ སྦེ་ འཁོད་དེ་ཡོདཔ་ཨིན་པས།
གཉེན་ཐམ་གྱི་དོན་ལུ་འབད་རུང་ དོན་ཚན་ཁ་པའི་༡-༡༡ དང་འཁྲིལ་ ཕོ་མོ་ག་ར་འབད་རུང་ སྐྱེས་ལོ་༡༨ མ་ལངམ་འདྲཝ་འབད་བ་ཅིན་ ཁྲིམས་མཐུན་གྱི་གཉེན་ཐམ་ཚུ་ གནང་ནི་མེདཔ་ཨིན་པས།
གཞུང་གཉིས་པའི་སྐབས་ལུ་ གཉེན་སྦྱོར་གྱི་འཁྲི་སྣོན་བཅའ་ཁྲིམས་༢༠༡༦ ཅན་མ་དེ་ རྒྱལ་ཡོངས་ཚོགས་ཁང་ནང་ ཕུལ་ཡོདཔ་ད་ ཨམ་སྲུ་དང་ ཨ་ལོ་ དེ་ལས་ ན་གཞོན་ཚོགས་ཆུང་གིས་ གྲོས་གཞི་ཕུལ་མི་དེ་ རྒྱལ་ཡོངས་ཚོགས་ཁང་ལས་ ཆ་མེད་བཏང་ཡོདཔ་ཨིན་པས།
ཨམ་སྲུ་དང་ ཨ་ལོ་ དེ་ལས་ ན་གཞོན་ཚོགས་ཆུང་གིས་ གྲོས་གཞི་ཁག་༡༦ ཕུལ་ཡོདཔ་ད་ དེ་ཡང་ ཨ་ལོ་ལུ་རྒྱབ་སྐྱོར་གྱི་དོན་ལུ་ གཉེན་ཡ་འབྲལ་འགྱོཝ་ད་ ཕན་ཚུན་ག་གིས་ ཕྱི་འགྱུར་འབད་མི་དེ་གིས་ རྒུད་འཐུས་ཚུ་ སྤྲོད་དགོཔ་ད་ གལ་སྲིད་ ཨའི་དེ་གྱོངས་སོཔ་འདྲཝ་འབད་བ་ཅིན་ ཨ་ལོ་ཚུ་ཡང་ ཨ་པ་གིས་ གསོ་སྐྱོང་འཐབ་དགོཔ་སྦེ་ འཁོད་དེ་ཡོདཔ་ཨིན་པས།
ཚོགས་ཁང་གིས་ འཁྲི་སྣོན་དེ་ཚར་ལྔ་ ཕར་འགྱངས་འབད་ཡོདཔ་ད་ བཅའ་ཁྲིམས་འཁྲི་སྣོན་འབད་ནིའི་ཚབ་ལུ་ ཚོགས་ཁང་གིས་ བཅའ་ཁྲིམས་དེ་ གསརཔ་དགོས་མཁོ་ཡོདཔ་སྦེ་ བཀོད་མི་དེ་ཡང་ ལོག་ཅི་ལོག་ཅི་ར་ བཅའ་ཁྲིམས་ཚུ་ འཁྲི་སྣོན་འབད་བ་ཅིན་ དེ་གིས་ མགུ་རྙོག་ཅན་ཅིག་ལུ་ གྱུརཝ་མས་ཟེར་ཨིན་པས།
གཉེན་གྱི་བཅའ་ཁྲིམས་༡༩༨༠ ཅན་མ་དེ་ ཐེངས་མང་རབས་ཅིག་ འཁྲི་སྣོན་འབད་ཡོདཔ་ད་ དོན་ཚན་༤༦ དེ་ སྤྱི་ལོ་༡༩༩༦ ལུ་ འཁྲི་སྣོན་འབད་ཡོདཔ་ད་ དོན་ཚན་༡༠ སྤྱི་ལོ་༢༠༠༩ ལུ་དང་༢༠༠༥ ལུ་ དོན་ཚན་༦ དེ་ལས་ སྤྱི་ལོ་༢༠༠༦ ལུ་ དོན་ཚན་གཅིག་ འཁྲི་སྣོན་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།