༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ དཔལ་འབྱོར་དང་ དངུལ་འབྲེལ་ཚོགས་ཆུང་གི་ འཆར་གཞི་༡༣ པའི་ བསྐྱར་ཞིབ་སྙན་ཞུའི་གུ་ གསུང་གྲོས་རྒྱས་པར་ གནང་ཐོག་ལས་ ཆ་འཇོག་གནང་ནི།
འཆར་གཞི་༡༣ པ་ ཆ་འཇོག་གི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་ཁང་ནང་ འཐུས་མི་ཡོངས་བསྡོམས་༤༢ ཡོད་པའི་གྲས་ལས་༣༨ ཀྱིས་ དགོ་དང་ འཐུས་མི་༣ གྱིས་མི་དགོ་ དེ་ལས་ འཐུས་མི་༡ གིས་ འཛེམ་སྡོད་ཡོད་རུང་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་ཅི།
དཔལ་འབྱོར་དང་ དངུལ་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ རིན་ཆེན་དབང་འདུས་ཀྱིས་ དམིགས་བསལ་གྱི་ གྲོས་འདེབས་༩ དང་ སྤྱིར་བཏང་གི་ གྲོས་འདེབས་༡ དང་གཅིག་ཁར་ འཆར་གཞི་༡༣ པའི་ བསྐྱར་ཞིབ་སྙན་ཞུ་ཚུ་ གསལ་ཞུ་ཕུལ་ཡོད་རུང་ གྲོས་འདེབས་༢ ཆ་འཇོག་གྲུབ་མ་ཚུགསཔ་ཨིན་པས།
འཆར་གཞི་༡༣ པ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འབྱོར་གྱི་ གཞི་རྩ་ལུ་ གཞི་གཞི་སྟེ་ སྤྱི་ལོ་༢༠༣༤ ལུ་ འབྲུག་འདི་ འོང་འབབ་མཐོ་ཤོས་ཀྱི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།
དཔལ་འབྱོར་དང་དངུལ་འབྲེལ་ཚོགས་ཆུང་གིས་ ལས་འགུལ་དང་འབྲེལ་བའི་ལཱ་ པི་ཊི་ཨེ་དང་ ཨེསི་ཌི་པི་གི་ བགོ་བཀྲམ་དོན་ལུ་ ས་གནས་གཞུང་གི་ བགོ་བཀྲམ་ཚད་གཞི་ལུ་ བཤད་ཡོདཔ་བཞིན་དུ་ ས་གནས་གཞུང་གི་ལས་བྱེདཔ་ཚུ་གི་དོན་ལུ་ པི་ཊི་ཨེ་དང་ ཨེསི་ཌི་པི་ལས་ཁུངས་ཚུ་ མ་དངུལ་བགོ་བཀྲམ་འབད་ནི་གི་ ཐབས་ཤེས་བཟོ་དགོཔ་སྦེ་ གྲོས་འདེབས་བཀོད་ནུག།
གནད་དོན་དེ་ཡང་ ཚོགས་ཆུང་གི་ཁྲི་འཛིན་ རིན་ཆེན་དབང་འདུས་དང་འཁྲིལ་བ་ཅིན་ དྭངས་གསལ་དང་ སྔོན་དཔག་འབད་ཚུགསཔ་བཟོ་ནི་དང་ ལས་འགུལ་གྱི་ འཆར་གཞི་བཟོ་ནི་དང་ གོང་འཕེལ་གཏང་ནི་ འཛིན་སྐྱོང་འཐབ་ནི་ལུ་ ས་གནས་གཞུང་གིས་ འོས་འབབ་ཡོད་པའི་ ཐོན་ཁུངས་ཚུ་དང་བསྟུན་པའི་ ལས་འགུལ་ཚུ་ འགོ་འདྲེན་འཐབ་ཚུགས་ནི་ དེ་ལས་ ས་གནས་གཞུང་གི་ལས་སྡེ་ཚུ་ལུ་ འགན་ཁུར་དང་ རྩིས་སྤྲོད་འབད་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་ཟེར་ཞུ་ཡི།
ཚད་གཞི་དེ་ཡང་ འཆར་ལོ་༡༣ པའི་ནང་ པི་ཊི་ཨེ་དང་ ཨེསི་ཌི་པི་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༨༠ བགོ་བཀྲམ་འབད་མི་ལས་ དངུལ་ཀྲམ་ཐེར་འབུམ་༣༨ དེ་ ས་གནས་གཞུང་གི་ ས་ཁོངས་ཚུ་ནང་ བགོ་བཀྲམ་འབད་དགོཔ་སྦེ་ཨིན་པས།
ཁ་སྟོད་ལ་ཡ་གི་འཐུས་མི་ ལྷ་པ་ལྷ་པ་གིས་ ཞུ་མིའི་ནང་ ལས་འགུལ་དེ་ རྒྱ་གར་གཞུང་དང་ འབྲུག་གི་བར་ན་ མཉམ་འབྲེལ་ཐོག་ལས་འབད་དགོཔ་ལས་ ལམ་ལུགས་དེ་གིས་ ག་དེ་སྦེ་ བདེ་སྟབས་འབྱུང་འོང་ག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་དང་ རྒེད་འོག་བཟུམ་སྦེ་ར་ བགོ་བཀྲམ་འབད་བ་ཅིན་ མ་དངུལ་དགོ་ས་ཚུ་ནང་ ཆད་ནི་ཉེན་ཁ་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ བཞག་པ་ཅིན་ ཕན་རླབས་ཆེན་ནི་མས་ཟེར་ ཞུ་ཡི།
སྤ་རོ་གི་ ལམ་གོང་-ཝང་ཅང་གི་འཐུས་མི་ བསོད་ནམས་བཀྲིས་ཀྱིས་ ཞུ་མིའི་ནང་ ཧེ་མའི་ ལམ་ལུགས་ཐོག་ལས་བཞག་པ་ཅིན་ ལེགས་ཤོམ་འོང་ནི་ཨིནམ་བཞིན་དུ་ ལས་འགུལ་གྱི་ མ་དངུལ་ཚུ་འཐོབ་ནིའི་དོན་ལས་ གྲུབ་འབྲས་གསལ་སྟོན་འབད་དགོཔའི་ གཞུང་ལྟེ་བ་ཚུ་དང་ མཉམ་འབྲེལ་འབད་ནིའི་དོན་ལས་ ས་གནས་གཞུང་གི་ ལྕོགས་གྲུབ་ཚུ་ཡང་ བལྟ་དགོཔ་འདུག་ཟེར་ཨིན་པས།
གནད་དོན་དེའི་ཐོག་ལུ་ གསུང་གྲོས་རྒྱས་པར་ གནང་པའི་ཤུལ་ལས་ ཚོགས་ཆུང་གི་ ཕུལ་མི་གི་ གྲོས་འདེབས་དེ་ ཆ་འཇོག་གྲུབ་མ་ཚུགསཔ་ཨིན་པས།
གྲོས་འདེབས་གཞན་དེ་ ཚོགས་ཆུང་གིས་ རྫོང་ཁག་དང་ ཁྲོམ་སྡེ་ དེ་ལས་ རྒེད་འོག་ཚུ་ནང་ ཐོན་ཁུངས་གོ་བཀྲམ་འབད་ནིའི་རྣམ་གཞག་དེ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་དགོཔ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་རྩིས་ཐོ་གི་ལྗིད་ཚད་དེ་ མར་ཕབ་འབད་ཞིནམ་ལས་ རྒེད་འོག་དང་འདྲ་བའི་ ལྗིད་ཚད་ལག་ལེན་འཐབ་ནི་ དེ་ལས་ གནས་ཚད་འགྱུར་ལྡོག་འདི་ བཏོན་གཏང་དགོ་པའི་ གྲོས་འདེབས་ཕུལ་ཡི།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཞུ་མིའི་ནང་ གནས་ཚད་འགྱུར་ལྡོག་འདི་ བཏོན་གཏང་པ་ཅིན་ ལུང་ཕྱོགས་ཁག་ནང་ འཆར་དངུལ་ཁྱད་པར་དང་ འདྲ་མཉམ་སྦེ་ བགོ་བཀྲམ་འབད་མི་ཚུགས་ཟེར་ཨིན་པས།
དངུལ་རྩིས་བློན་པོ་གིས་ ཞུ་མི་དེ་ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་ ཅཱན་དར་བྷ་དུར་ གུ་རུང་གིས་ ངོས་ལེན་འབད་ཐོག་ལས་ ཞུ་མིའི་ནང་ གནས་ཚད་འགྱུར་ལྡོག་འཛིན་སྐྱོང་འཐབ་མི་དེ་ མི་རློབས་དང་ དགོས་མཁོ་དང་འཁྲིལ་ཏེ་ ཐོན་ཁུངས་འདྲ་མཉམ་སྦེ་ བགོ་བཀྲམ་ངེས་བརྟན་ བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ཨིན་རུང་ འཐུས་མི་ལ་ལོ་གིས་ གནས་ཚད་འགྱུར་ལྡོག་ ལག་ལེན་འཐབ་པ་ཅིན་ ལུང་ཕྱོགས་ནང་ སྟབས་མ་བདེཝ་དང་ དེ་དང་འབྲེལ་བའི་ གདོང་ལེན་ཚུ་ ལེ་ཤ་འདུག་ཟེར་ཨིན་པས།
ཚོགས་ཆུང་གི་ ཞིབ་རྟོག་ནང་ ས་སྟོང་དང་ གུང་སྟོང་གི་ གནས་སྟངས་ཀྱི་ ཚ་གྱང་སྐོར་ལས་ཡང་ བཀོད་དེ་ཡོདཔ་བཞིན་དུ་ གནད་དོན་སེལ་ཐབས་དོན་ལུ་ ཐབས་ལམ་དང་ ཐབས་བྱུས་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཚོགས་ཆུང་གིས་ ཐོན་ཁུངས་གོ་བཀྲམ་འབད་ནིའི་རྣམ་གཞག་ནང་ བར་མཚམས་ཀྱི་ ཐབས་ལམ་ཅིག་ཨིནམ་ལས་ ས་གནས་ཀྱི་མི་རློབས་དང་ ཐོ་བཀོད་ཅན་གྱི་ མི་རློབས་ཀྱི་བར་མཚམས་དེ་ ས་གནས་ཀྱི་མི་རློབས་ཀྱི་ཚབ་ཀྱི་ གྲོས་འཆར་བཀོད་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ བཀོད་མིའི་ནང་ གཞི་རྟེན་ཞིབ་འཚོལ་དང་ ལག་ལེན་གྱི་ཞིབ་འཚོལ་ དེ་ལས་ བརྟག་དཔྱད་གོང་འཕེལ་གྱི་དོན་ལུ་ ནང་འཁོད་འོང་འབབ་ཀྱི་ བརྒྱ་ཆ་༡ ཞིབ་འཚོལ་དང་གོང་འཕེལ་ལུ་ བགོ་བཀྲམ་འབད་ནི་དེ་ སྲིད་བྱུས་ཅིག་སྦེ་ ཆ་འཇོག་འབད་དགོཔ་སྦེ་ཨིན་པས།
ཚོགས་ཆུང་གིས་ དམིགས་བསལ་སྦེ་ ལས་སྡེ་ཚུ་ལུ་ ཐོན་ཁུངས་བགོ་བཀྲམ་འབད་བ་ཅིན་ དྭངས་གསལ་དང་ མ་དངུལ་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ལུ་ ངེས་བརྟན་བཟོ་འོང་ཟེར་ཨིན་པས།
ཚོགས་ཆུང་གིས་ འཆར་ལོ་༡༣ པའི་ནང་ དམིགས་བསལ་གྱི་ མ་དངུལ་ཚུ་ བགོ་བཀྲམ་འབད་དེ་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་ཨམ་ རྒྱས་ཤིང་རྒྱསཔ་བཟོ་སྐྲུན་འབད་ནི་དང་ མི་སྟོབས་གོང་འཕེལ་གྱི་དོན་ལུ་ འཆར་དངུལ་ བརྒྱ་ཆ་༠.༨༡ (དངུལ་ཀྲམ་ཐེར་འབུམ་༢) ལས་ བརྒྱ་ཆ་༢ (དངུལ་ཀྲམ་ཐེར་འབུམ་༤.༩) ལུ་ ཡར་སེང་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
སློབ་གྲྭ་ནང་ མ་འགྱོ་མི་དང་ ལཱ་གཡོག་མ་ཐོབ་མི་ ན་གཞོན་ཚུ་གི་དོན་ལུ་རྩེད་རིགས་ཀྱི་ མཐུན་རྐྱེན་ཚུ་ བྱིན་ཐབས་ལུ་ དམིགས་བསལ་གྱི་ མ་དངུལ་ཚུ་ བགོ་བཀྲམ་འབད་དགོཔ་སྦེ་ རྒྱབ་སྣོན་འབད་དེ་ ཡོདཔ་ཨིན་པས།
ནང་སྲིད་དང་སྲོལ་འཛིན་བློན་པོ་ ཚེ་རིང་གིས་ ཞུ་མིའི་ནང་ ན་གཞོན་དེ་ གལ་ཅན་ཅིག་སྦེ་ བརྩི་འཇོག་འབད་དེ་ གཞུང་གིས་ འབྲུག་ཨོ་ལོམ་པིག་ཚོགས་པ་ལུ་ རྩེད་རིགས་གོང་འཕེལ་གཏང་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡ དང་ ན་གཞོན་གོང་འཕེལ་ལུ་ དངུལ་ཀྲམ་ས་ཡ་༡༢༠ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ དེ་ལས་ བཟོ་གྲྭ་དང་ལཱ་གཡོག་ལྷན་ཁག་ལུ་ དངུལ་ཀྲམ་ཐེར་འབུམ་༡.༢ བགོ་བཀྲམ་འབད་བའི་ཁར་ བདེ་སྲུང་རིག་རྩལ་ལ་སོགས་པ་ཚུ་ཡོདཔ་ལས་ དེ་གིས་ ལྷན་ཐབས་བྱུང་ཚུགས་ཟེར་ཨིན་པས།
ཚོགས་ཆུང་གིས་ གཞུང་ལུ་ རྩ་ཁྲིམས་ཆེན་མོའི་དོན་ཚན་༡༤ པའི་དོན་ཚན་༢ པའི་ནང་ བཀོད་མི་དང་འཁྲིལ་ གཞུང་གི་ ལོ་ལྔའི་འཆར་གཞི་༡༣ པའི་ འཆར་དངུལ་གྱི་འཆར་གཞི་ནང་ ཨི་ཨེསི་པི་དེ་ཡང་ བཙུགས་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།