༉ རྒྱལ་ཡོངས་ཚོགས་འདུ་ཐེངས་༤ པའི་ ཚོགས་བཞུགས་དང་པ་དེ་ སྤྱི་ཟླ་༧ པའི་ཚེས་༦ ལུ་ དཔྱད་ཡིག་༤ ཆ་འཇོག་གྲུབ་པའི་ཁར་ འཆར་གཞི་༡༣ པའི་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༥༡༢.༢༩ ཆ་འཇོག་འབད་མི་དང་བསྟུན་ མཇུག་བསྡུ་གནང་ཡི།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ གསུངས་མིའི་ནང་ འཆར་གཞི་༡༣ པའི་དོན་ལུ་ མ་དངུལ་བགོ་བཀྲམ་འབད་མི་དེ་ འདས་པའི་འཆར་གཞི་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ མི་སྡེའི་ཞབས་ཏོག་མཁོ་སྤྲོད་ རྒྱ་སྐྱེད་འབད་ནི་དང་ སྤྱི་ལོ་༢༠༣༤ གི་ནང་འཁོད་ལུ་ འབྲུག་གིས་ འོང་འབབ་ཆེ་རིམ་གནས་ཚད་ཀྱི་དམིགས་གཏད་ འགྲུབ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཚོགས་ཁང་གིས་ རྩིས་ལོ་༢༠༢༤-༢༥ འི་དོན་ལུ་ འཆར་དངུལ་དཔྱ་ཚད་དཔྱད་ཡིག་ ཆ་འཇོག་གྲུབ་པའི་ཁར་ རྩིས་ལོ་༢༠༢༣-༢༤ འི་དོན་ལུ་ ལྷན་ཐབས་འཆར་དངུལ་དཔྱ་ཚད་དཔྱད་ཡིག་ མི་དབང་རྒྱལ་པོའི་བཀའ་གྲོལ་གྱི་དོན་ལུ་ ཕུལ་ནི་ཨིན་པས།
རྩིས་ལོ་༢༠༢༤-༢༥ འི་དོན་ལུ་ ཚོགས་ཁང་གིས་ འཆར་དངུལ་བསྡོམས་ དངུལ་ཀྲམ་ཐེར་འབུམ་༩༧.༦༣ ཆ་འཇོག་འབད་མིའི་ཐོག་ལས་ གསར་སྒྲུབ་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༤༦.༨༢ དང་ རྒྱུན་སྐྱོང་འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༥༠.༨༡ ཨིན་པས།
ཚོགས་ཁང་གིས་ རྩིས་ལོ་༢༠༢༣-༢༤ འི་དོན་ལུ་ འགོ་ཐོག་འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༨༥.༥༢ ཁ་སྐོང་འབད་དེ་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༣.༢༢ ཆ་འཇོག་འབདཝ་ད་ དཔྱ་ཚད་དཔྱད་ཡིག་ནང་ ཆ་འཇོག་འབད་དོ་བཟུམ་སྦེ་ བསྐྱར་བཟོ་བསྡོམས་ དངུལ་ཀྲམ་ཐེར་འབུམ་༨༨.༧༥ འབག་འོང་ཚུགས་ནུག།
ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ གསུངས་མིའི་ནང་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ མི་སྡེ་གོང་འཕེལ་ལས་སྣ་ཚུ་ བསྒྲུབ་ནིའི་དོན་ལས་ འབྲེལ་ཡོད་ལྷན་ཁག་དང་ ལས་ཁུངས་ ངོ་ཚབ་ དེ་ལས་ ས་གནས་གཞུང་ཚུ་གིས་ འཆར་དངུལ་ཚུ་ འཇོན་ཐངས་ཅན་དང་ ཕན་ནུས་ཅན་སྦེ་ སྤྱོད་ནི་དེ་ཁག་ཆེ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་གཉེན་སྦྱོར་(འཕྲི་སྣོན་)དཔྱད་ཡིག་༢༠༢༤ ཅན་མ་དང་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་(འཕྲི་སྣོན་)དཔྱད་ཡིག་༢༠༢༤ ཅན་མ་དེ་ ཆ་འཇོག་འབད་མི་དང་བསྟུན་ གྲོས་བསྡུར་གྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ནི་ཨིན་པས།
དེ་མ་ཚད་ ཚོགས་ཁང་གིས་ འབྲུག་དང་ ཀུ་ཝེཊ་༢༠༢༤ གི་བར་ན་ མཁའ་འགྲུལ་གྱི་ ཞབས་ཏོག་ཆིངས་ཡིག་དེ་ཡང་ རྒྱབ་སྣོན་ཆ་འཇོག་འབད་ཡོདཔ་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གིས་ མི་རློབས་མངམ་ཡོད་སར་ ཤུགས་ཚད་ཅན་གྱི་ གློག་རྒྱུན་ཐག་ལམ་གྱི་ ཀ་རིང་བཙུགས་ཡོད་མི་ཚུ་ ཉེན་སྲུང་ལྡན་པའི་ ས་ཁོངས་ཚུ་ནང་ སྤོ་བཤུད་འབད་ནི་ཨིན་རུང་ སྤོ་བཤུད་འབད་མ་ཚུགས་པའི་ སྒེར་ས་ནང་ཚུད་མི་ཚུ་གི་དོན་ལས་ རྒུད་འཐུས་སྤྲོད་ནི་དང་ ཡང་ཅིན་ ས་ཚབ་བྱིན་ནི་ཨིན་པས།
གྲོས་དོན་ཚུ་གི་གྲས་ལས་༡ གསོ་བ་ལྷན་ཁག་གི་ ལས་ཚོགས་གཞི་བཀོད་བསྐྱར་ཞིབ་འབད་ནི་དང་ རྒྱལ་ཡོངས་སྨན་གྱི་ ཞབས་ཏོག་མཁོ་སྤྲོད་ལེགས་བཅོས་འབད་ནི་ དེ་ལས་ ཤུལ་མའི་རྩིས་ལོ་ནང་ གཞུང་གིས་ གཙོ་རིམ་གོང་འཕེལ་མ་དངུལ་དོན་ལུ་ མ་དངུལ་ལངམ་སྦེ་ བགོ་བཀྲམ་འབད་ནི་ཨིན་པས།
ཚོགས་བཞུགས་ཀྱི་སྐབས་ལུ་ དྲི་བ་བསྡོམས་༥༩ བཀོད་ཡོདཔ་ད་ དེ་ཡང་ ངག་ཐོག་༤༠དང་ ཡིག་ཐོག་༩ ཨིན་པས།
རྒྱལ་ཁམས་ཀྱི་སྙན་ཞུའི་ནང་ ད་ལྟོའི་ རྒྱལ་ཁབ་ཀྱི་གནས་སྟངས་དང་ རྒྱལ་ཁམས་ལུ་དོ་འགྲན་བྱུང་མི་ དོ་འགྲན་སེལ་ཐབས་ཀྱི་ཐབས་བྱུས་ སྤྱི་ལོ་༢༠༢༤-༢༥ དོན་ལུ་ གཞུང་གི་འཆར་གཞི་དང་གཙོ་རིམ་ དེ་ལས་ སྤྱི་ལོ་༢༠༢༤-༢༥ དོན་ལུ་ གཞུང་གི་ ཁྲིམས་བཟོའི་འཆར་གཞི་ཚུ་ ཚུད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།