༉ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ སྤྱི་ཚོགས་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ ངོ་རྐྱང་ཚུ་གིས་ ངན་ལྷད་དང་འབྲེལ་བའི་གནད་དོན་ནང་ ཉེས་གྲོལ་དང་ ཡང་ཅིན་ ཕྱིར་འབུད་བཏང་བའི་གནད་དོན་ཚུ་ལུ་ རྒུད་འཐུས་དང་ རྒུད་གསོའི་གཞི་སྒྱུར་འབད་དགོ་པའི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༢༣-༢༤ ཅན་མ་ བསྐྱར་ཞིབ་འབད་བའི་སྐབས་སུ་ ཐོན་ཡོདཔ་སྦེ་ཨིན་པས།
གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ ལྷག་པ་ཚེ་རིང་ཏ་མང་གིས་ སྙན་ཞུ་ཚུ་ ཚོགས་ཁང་ནང་ གསལ་ཞུ་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༢༣-༢༤ ཅན་མ་དང་འཁྲིལཝ་ད་ རྩོད་ཟླ་༡༠༡ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་བཀལ་མི་ཚུ་ཡང་ ངོ་རྐྱང་༨༧ ལུ་ ཁྲིམས་གཅོད་དང་༦ ལུ་ཉེས་གྲོལ་ དེ་ལས་༨ ཕྱིར་འགྱངས་བཏང་ཡོདཔ་སྦེ་ཨིན་པས།
ཚོགས་དཔོན་འོགམ་ སངས་རྒྱས་མཁའ་འགྲོ་གིས་ ཉེས་གྲོལ་སོང་མི་ཚུ་ལུ་ གཞི་སྒྱུར་གྱི་རྒྱབ་སྣོན་དེ་ཡང་ ལ་ལུ་ཅིག་ དྲི་དཔྱད་དང་ དོ་དམ་འོག་ལུ་བཞག་ནི་ དགོངས་ཕོག་གཏང་ནི་ལ་སོགས་པ་ཚུ་ གདོང་ལེན་འབྱུང་དོ་ཡོདཔ་ལས་ འདི་ཚུ་ཁྲིམས་མཐུན་ནང་ གསལ་བཀོད་འབད་དེ་མེད་རུང་ གསལ་ཞུ་འབད་དགོཔ་འདུག་ཟེར་ཨིན་པས།
ཁྲིམ་ཤིང་-རྐང་པ་ར་གི་འཐུས་མི་ དམ་ཆོས་བསྟན་འཛིན་གྱིས་ ཞུ་བ་འབད་མིའི་ནང་ ངོ་རྐྱང་ཚུ་ལུ་ འཛོལ་བ་མེད་པའི་ གསལ་སྟོན་འབྱུང་པ་ཅིན་ འདི་ལུ་ ངོས་ལེན་འབད་དགོཔ་ གལ་ཆེ་བས་ཟེར་ཨིན་མི་དེ་ཡང་ ལ་ལུ་ཅིག་ སེམས་ཁམས་དང་ མི་སྡེའི་ནང་ གདོང་ལེན་ཚུ་བྱུང་སྟེ་འདུག་ཟེར་ཨིནམ་ད་ གལ་སྲིད་ རྩོད་ཟླ་ཅིག་ ཉེས་འགྲོལ་བཏངམ་འདྲཝ་འབད་བ་ཅིན་ དེ་ལུ་རྒུད་གསོ་དང་ ཉེན་སྲུང་གི་གོ་སྐབས་ བྱིན་དགོཔ་འདུག་ཟེར་ཨིན་པས།
ཚོགས་ཁང་གིས་ གཞུང་སྐྱོང་ལེགས་ལྡན་ལུ་ ཁྲིམས་འདུན་ལས་ ངོ་རྐྱང་ཚུ་ ཉེས་གྲོལ་དང་ ཕྱིར་འབུད་བཏང་མི་ཚུ་གི་དོན་ལུ་ རྒུད་གསོ་དང་ རྒུད་འཐུས་ཀྱི་སྙན་ཞུ་ཚུ་ ཤུལ་མའི་ཚོགས་ཁང་ནང་བཙུགས་དགོཔ་སྦེ་ རྒྱབ་སྣོན་ངོ་སྦྱོར་ འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ ཡོངས་འབྲེལ་ཐོག་གི་ ཞབས་ཏོག་རྒྱ་སྐྱེད་འབད་དེ་ ཚུལ་མཐུན་བཟོ་དགོ་ནི་དང་ དེ་ཁར་ ངན་ལྷད་ཀྱི་ཉེན་ཁ་མར་ཕབ་དང་ དྭངས་གསལ་ཅན་གྱི་ ཞབས་ཏོག་མཁོ་སྤྲོད་ ཡར་དྲག་བཏང་དགོཔ་སྦེ་ཨིན་པས།
ཚོགས་ཁང་གི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ གྲོས་བསྟུན་ཐོག་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་དང་ རྒྱལ་ཡོངས་དྲང་སྤྱོད་དབྱེ་ཞིབ་སྙན་ཞུ་ བསྐྱར་ཞིབ་དོན་ལུ་ སྤྱི་ཚོགས་ལྷན་བཞུགས་ཚོགས་ཆུང་ གཞི་བཙུགས་འབད་དགོཔ་སྦེ་ རྒྱབ་སྣོན་འབད་ཡོདཔ་ཨིན་པས།
གཞན་ཡང་ ལེགས་ལྡན་གཞུང་སྐྱོང་ཚོགས་ཆུང་གིས་ ངན་ལྷད་དང་འབྲེལ་བའི་ འཁྲུན་ཆོད་དང་ རྒུད་འཐུས་སྤྲོད་མི་ བདོག་བཏད་སླར་གསོ་འབད་མིའི་ རྒྱ་ཆེ་བའི་སྙན་ཞུ་ཚུ་ ཤུལ་མའི་ཚོགས་འདུ་ནང་ བཙུགས་དགོཔ་སྦེ་ཨིན་པས།
ཚོགས་ཆུང་གིས་ རྒྱབ་སྣོན་ཕུལ་མིའི་ནང་ མི་མང་ལུ་ ཤེས་ཡོན་དང་ གོ་བ་བརྡ་སྤྲོད་ལས་རིམ་ཚུ་ དྭངས་གསལ་ཅན་དང་ དྲང་སྤྱོད་ཀྱི་སྒོ་ལས་ ཡར་དྲག་བཏང་དགོཔ་སྦེ་ཨིནམ་བཞིན་དུ་ འདི་དང་གཅིག་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལས་བྱེདཔ་ལངམ་སྦེ་དང་ འཆར་དངུལ་ཚུ་ ལངམ་སྦེ་བཞག་དགོཔ་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ལཱ་ཚུ་ མཐར་འཁྱོལ་བྱུང་དགོཔ་འདྲཝ་འབད་བ་ཅིན་ སྲིད་ཀྱི་རྒྱབ་སྣོན་སྒྲིང་སྒྲི་དང་ དེ་བསྟུན་གྱི་ འཐོན་ཁུངས་ཚུ་དགོཔ་སྦེ་ ཚོགས་ཆུང་གིས་ གསལ་ཞུ་འབད་ཡོདཔ་ཨིན་པས།
བཙག་འཐུ་དང་འབྲེལ་བའི་ ངན་ལྷད་བཀག་ཐབས་དེ་ཡང་ ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ འབྲུག་བཙག་འཐུ་ལྷན་ཚོགས་གཉིས་ མཉམ་འབྲེལ་ཐོག་ལས་ ཚོགས་རྒྱན་གྱི་ ས་ཁོངས་ངོས་འཛིན་འབད་ནི་ རང་སོའི་སྡོད་གནས་ནང་ལས་ ཚོགས་རྒྱན་གྱི་གོ་སྐབས་དང་འབྲེལ་ རྒྱལ་ཡོངས་བཙག་འཐུ་དང་ བཙག་འཐུ་ལོག་འབད་མི་ཚུ་གི་དོན་ལུ་ རྫོང་ཁག་ག་རའི་ནང་ རྒྱལ་ཡོངས་བཙག་འཐུའི་དོན་ལུ་ ཚོགས་རྒྱན་གྱི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིན་པས།
ཚོགས་ཁང་གིས་ དྲང་བདེན་དང་ དྲང་སྤྱོད་ཀྱི་དོན་ལུ་ ཁྲིམས་མཐུན་གྱི་ལག་ལེན་དང་ སྒྲིག་གཞི་ཚུ་ དགོཔ་ཡོདཔ་མ་ཚད་ འགན་འཁྲི་དང་ རྒྱ་ཁྱབ་ཅན་གྱི་ཐབས་བྱུས་ཐོག་ ངན་ལྷད་སྔོན་འགོག་འབད་དགོཔ་སྦེ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུའི་ནང་ གཙོ་རིམ་ཅན་གྱི་ གནད་དོན་ཁག་ཚུ་ འཆར་དངུལ་ཚད་ཅིག་ལས་མེད་མི་དང་ མི་སྟོབས་ལངམ་མེད་མི་ ལྷན་ཚོགས་ནང་ ལཱ་མངམ་འབད་དགོཔ་ཡོད་མི་གིས་ ཕན་ནུས་ཅན་གྱི་ཐོག་ ལཱ་འབད་ནི་ལུ་ ཐོ་ཕོགཔ་མས་ཟེར་ཨིནམ་ད་ འདས་པའི་ཟླཝ་༦ གི་ནང་འཁོད་ལུ་ ལྷན་ཚོགས་ཀྱི་ ལས་བྱེད་༡༨ ཀྱིས་ དགོངས་ཞུ་འབད་ཡོདཔ་ལས་ དེ་གིས་ལཱ་གི་ཚད་གཞི་བརྒྱ་ཆ་༡༧.༩ སྦེ་ཡོད་མི་དེ་ ད་ཚུན་ལུ་ མཐོ་ཤོས་ཅིག་ཨིནམ་ད་ ད་ལྟོ་ ལྷན་ཚོགས་ནང་ ལས་བྱེདཔ་༡༤༡ ཡོདཔ་ཨིན་པས།
ཚོགས་ཁང་གིས་ གྲོས་འདེབས་ག་ར་གུ་ལུ་ རྒྱབ་སྣོན་གྱི་ ཆ་འཇོག་གནང་མི་དེ་ཡང་ ཚོགས་རྒྱན་༤༡ ཡོད་ས་ལས་ བཏུབ་ཟེར་མི་ཚོགས་རྒྱན་༣༨ དང་ འཛེམ་བཞུགས་མི་༢ དེ་ལས་ མི་དགོ་ཟེར་མི་༡ སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།