༉ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་ལུ་ ཚབས་ཆེན་གྱི་ དཀའ་ངལ་སེལ་ཐབས་དོན་ལུ་ རྒྱལ་ཡོངས་ཚོགས་འདུའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ དགོངས་ཞུའི་ཟུར་ཕོགས་ཀྱི་ བཅའ་ཁྲིམས་ཅིག་ གསར་བརྩམ་འབད་ནི་གི་ གྲོས་དོན་ཕུལ་ཡི།
གྲོས་དོན་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་དེ་ གཞུང་དབང་ལས་འཛིན་ཅིག་སྦེ་ གཞི་བཙུགས་འབད་དེ་ ལོ་༤༢ དེ་ཅིག་ ལང་སོང་རུང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་ཀྱི་ སྲིད་བྱུས་ཅིག་ཅིག་ཡང་ ཐོབ་མ་ཚུགས་པས་ཟེར་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་འོགམ་ ཁམས་དྭངས་-རམ་འཇམ་གྱི་འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང མ་གཞི་ སྤྱི་ལོ་༢༠༡༨ ལུ་ སྲིད་བྱུས་ཅིག་ཟིན་བྲིས་འབད་རུང་ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་གྱིས་ འཕྲོ་མཐུད་དེ་ར་ གཞུང་འབྲེལ་ཐོག་མེན་པར་ བཀོད་ཁྱབ་བཀའ་རྒྱའི་ བཅའ་ཡིག་དང་འཁྲིལ་ཏེ་ ལག་ལེན་འཐབ་སྟེ་འདུག་ཟེར་ཨིན་པས།
དགོངས་ཞུའི་ཟུར་ཕོགས་བཅའ་ཁྲིམས་ཅིག་མེདཔ་ལས་ གཞུང་སྐྱོང་དང་ འཛིན་སྐྱོང་ དེ་ལས་ ཚད་འཛིན་དང་འབྲེལ་བའི་ དཀའ་ངལ་ལེ་ཤ་ཐོན་ཏེ་ཡོད་པའི་ཁར་ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་གྱིས་ གནད་དོན་ཚུ་ སེལ་ནི་ལུ་ རང་དབང་ཅིག་ཐོབ་མ་ཚུགས་པས་ཟེར་ རྣམ་རྒྱལ་རྡོ་རྗེ་གིས་ བཤདཔ་ཨིན་པས
ཚོགས་ཆུང་གིས་ བཀོད་མིའི་ནང་ དྭངས་གསལ་ཅན་གྱི་ སྲིད་བྱུས་ཅིག་མེདཔ་ལས་ དགོངས་ཞུའི་ཟུར་ཕོགས་ཀྱི་ ལམ་ལུགས་ནང་ མ་འཛུལ་བའི་ཧེ་མ་ལས་ ཞི་གཡོག་མང་ཤོས་ཅིག་ དགོངས་ཞུ་འབད་དགོཔ་ བྱུང་ནུག་ཟེར་ཨིན་པས།
རྒྱལ་ཡོངས་ཞི་གཡོག་ལྷན་ཚོགས་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༡ ཟླ་༡ པ་ལས་ སྤྱི་ལོ་༢༠༢༤ ཟླ་༨ པའི་ ནང་འཁོད་ལུ་ ཞི་གཡོག་༤,༧༡༠ དགོངས་ཞུ་འབད་མི་འབདཝ་ད་ བརྒྱ་ཆ་༡༥.༧ གྱི་བརྩིས་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ཁྲི་འཛིན་འོགམ་ སངས་རྒྱས་མཁའ་འགྲོ་གིས་ ཞུ་མིའི་ནང་ ལྕོགས་གྲུབ་ཅན་གྱི་ ཞི་གཡོགཔ་ཚུ་ དགོངས་ཞུ་མ་འགྱོ་བར་ བཞག་ཐབས་ལུ་ འཕྲལ་མཁོ་ཅན་ཅིག་སྦེ་ ཐབས་ལམ་ཚུ་བཏོན་དགོཔ་འདུག་ཟེར་ཨིན་པས།
ད་ལྟོའི་ དགོངས་ཞུའི་ཟུར་ཕོགས་ཀྱི་ལམ་ལུགས་ནང་ ཞི་གཡོག་རྐྱངམ་གཅིག་ ཁྱབ་སྟེ་ཡོད་མི་དེ་ཡང་ མ་དངུལ་ལྷན་ཐབས་ལམ་ལུགས་ གཞི་བཞག་སྟེ་ཡོདཔ་ད་ དེ་གིས་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༩ རྐྱངམ་གཅིག་ལུ་ ཁེ་ཕན་བྱུང་སྟེ་ ཡོདཔ་ཨིན་པས།
མ་གཞི་ འབྲུག་གི་ལས་མི་བཅའ་ཁྲིམས་ནང་ སྒེར་སྡེ་ནང་ ལས་བྱེདཔ་༥ ལས་ ལྷག་སྟེ་ཡོད་པ་ཅིན་ དགོངས་ཞུའི་ཟུར་ཕོགས་ལམ་ལུགས་ནང་ བཙུགས་དགོཔ་སྦེ་ཡོད་རུང་ གལ་སྲིད་ ལམ་ལུགས་ནང་ འཛུལ་ཞུགས་མ་འབད་བར་ ཡོད་པ་ཅིན་ དང་ལེན་འབད་ནི་ལུ་ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་ལུ་ དབང་ཚད་མེདཔ་ཨིན་པས།
དེ་གིས་ རྒྱལ་ཁབ་ཀྱི་ མི་སྡེ་ཉེན་སྲུང་ཁྱབ་ཚད་ལུ་ ཁྱད་པར་སྦོམ་སྦེ་ར་ ཞུགས་དོ་ཡོདཔ་ད་ ཚོགས་ཆུང་གིས་ བཀོད་མིའི་ནང་ དགོངས་ཞུའི་ཟུར་ཕོགས་དང་ མ་དངུལ་བཙུགས་མི་གི་བར་ན་ཡང་ ཁྱད་པར་ལེ་ཤ་ ཆགས་ཏེ་འདུག་ཟེར་ཨིན་པས།
མི་གི་ཚེ་ཚད་དང་ དགོངས་ཞུ་འགྱོ་མི་ གྱངས་ཁ་ཡར་སེང་འགྱོ་མི་དང་འབྲེལ་ དགོངས་ཞུའི་ཟུར་ཕོགས་ནང་ འཛུལ་ཞུགས་འབད་མི་ གྱངས་ཁ་དེ་ ཡར་འཕར་མ་འགྱོ་བར་ཡོདཔ་མ་ཚད་ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་ཚུ་ སྐྱེད་ཆུང་ཐོག་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ མ་རྩ་གཞི་བཙུགས་འབད་མི་དེ་གིས་ ཁེ་སང་དེ་ཅིག་ར་ མ་ཐོབ་པར་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཕྱིའི་མ་རྩ་གཞི་བཙུགས་འབད་ནི་ལུ་ བཀག་ཆག་འབད་མི་དེ་གིས་ ལྷག་པར་དུ་ མ་དངུལ་བཟོ་ནི་ལུ་ ཚད་ལྡན་བཟོ་སྟེ་ ཡོདཔ་ཨིན་པས།
ད་རེས་ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་དེ་ དངུལ་རྩིས་ལྷན་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གཞི་བཀོད་ཐོག་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ལས་ ལས་འཛིན་གཞན་བཙུགས་སྦེ་ མ་རྩ་གཞི་བཙུགས་ཚུ་ སྣ་མང་སྦེ་ བཙུགས་ནི་ལུ་ ཚད་འཛིན་འབད་དེ་ཡོདཔ་ཨིན་པས།
གཞི་བཀོད་དེ་གིས་ འོང་འབབ་ཡར་དྲག་གཏང་ནི་དང་ དགོངས་ཞུའི་ཟུར་ཕོགས་ཀྱི་ འཐུས་མི་ཚུ་གི་ ཁེ་འཐུས་ཚུ་ ཡར་འཕར་གཏང་ནི་ལུ་ཡང་ ཐོ་ཕོགས་ཏེ་ཡོདཔ་ད་ ཟླ་རིམ་གྱི་ཟུར་ཕོགས་ མཐོ་ཤོས་དངུལ་ཀྲམ་༣༥,༣༤༤ དང་ དམའ་ཤོས་དངུལ་ཀྲམ་༧༨༠ ཡོདཔ་ཨིན་པས།
དགོངས་ཞུ་སོང་མི་ ཞི་གཡོག་བརྒྱ་ཆ་༡༠ དེ་ཅིག་གིས་ ཟླ་རིམ་དགོངས་ཞུའི་ཟུར་ཕོགས་ དངུལ་ཀྲམ་༢,༠༠༠ ཐོབ་མི་གིས་ རང་སོའི་གཞི་རྟེན་ ཉེར་མཁོའི་ཅ་ཆས་ཚུ་ ཉོ་ནི་གི་ ཟད་འགྲོ་ཚུ་ར་ མི་ལང་དོ་ཡོདཔ་ཨིན་པས།
དགོངས་ཞུ་འབད་མི་ མང་ཤོས་ཅིག་ལུ་ དགོངས་ཞུའི་ཟུར་ཕོགས་དེ་ ཁོང་རའི་འོང་འབབ་གཙོ་ཅན་ཅིག་སྦེ་ ངོས་ལེན་འབད་དེ་ ཡོདཔ་ཨིན་པས།
ཚོགས་ཆུང་གིས་ འབྲུག་ལུ་ ལོ་ན་རྒས་མི་ ལེ་ཤ་ཡོདཔ་ལས་ རྒན་ཤོས་ཚུ་གི་དོན་ལས་ མི་སྡེ་ཉེན་སྲུང་སྒྲིང་སྒྲི་བཟོ་དགོ་པའི་ གྲོས་འདེབས་བཀོད་དེ་ཡོདཔ་ད་ སྤྱི་ལོ་༢༠༢༧ ནང་འཁོད་ལུ་ རྒྱལ་ཁབ་ནང་ མི་རྒན་ཤོས་ སྐྱེས་ལོ་༦༥ ཡན་ཆད་ཀྱི་ མི་རློབས་བརྒྱ་ཆ་༧.༤ འོང་ནི་ཨིན་པས།
འཐུས་མི་ཚུ་གིས་ དགོངས་ཞུའི་ཟུར་ཕོགས་དེ་ ཡིད་ཆེས་བསྐྱེད་ཏོག་ཏོ་དང་ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་གྱི་འོག་ལུ་ མི་སྡེ་ཉེན་སྲུང་ཡུན་བརྟན་བཟོ་ཐབས་ལུ་ སྲིད་བྱུས་ཅིག་ ངེས་པར་དུ་ དགོཔ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་དེ་ སྤྱི་ལོ་༢༠༠༠ ཟླ་༣ པའི་ཚེས་༣༠ ལུ་ བཀོད་ཁྱབ་བཀའ་རྒྱ་དང་འཁྲིལ་ཏེ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ རྒྱལ་ཡོངས་ཟུར་ཕོགས་དང་དགོངས་ཞུ་འཚོ་རྟེན་མ་དངུལ་ནང་ དགོངས་ཞུ་འབད་མི་༡༠,༢༨༤ བརྩིས་ཏེ་ ཐོ་བཀོད་ཅན་གྱི་ འཐུས་མི་༦༡,༥༦༥ ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ དགོངས་ཞུའི་ཟུར་ཕོགས་དཔྱད་ཡིག་དེ་ འབྲེལ་ཡོད་ལས་སྡེ་ཚུ་ གྲོས་བསྟུན་འབད་དེ་ སང་ཕོད་ གནམ་བྱཱར་གྱི་ ཚོགས་བཞུགས་ནང་ གསུང་གྲོས་གནང་ནི་སྦེ་ ཆ་འཇོག་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement