༉ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་༢༠༢༤ ཅན་མའི་གུ་ གསུང་གྲོས་རྒྱས་གནང་པའི་ཤུལ་ལས་ འཐུས་མི་མང་ཤོས་ཅིག་གིས་ དཔྱད་ཡིག་དེ་ལུ་ ངོས་ལེན་འབད་དེ་ ད་རིས་ ཆ་འཇོག་འབད་ཡོདཔ་ཨིན་པས།
དཔྱད་ཡིག་དེ་ཡང་ རྒྱལ་ཡོངས་ཚོགས་འདུ་གིས་ བསྐྱར་ཞིབ་འབད་ལུ་ དཔལ་འབྱོར་དངུལ་རྩིས་ཚོགས་ཆུང་ལུ་བྱིན་ཏེ་ ཚོགས་ཁང་ནང་ གསལ་ཞུ་འབད་ཡོདཔ་ཨིན་པས།
ར་ལྡི་-སག་སྟེང་གི་འཐུས་མི་ བཀྲིས་བསྟན་འཛིན་གྱིས་ ཞུ་མིའི་ནང་ སོ་ནམ་ཡར་དྲག་གཏང་ནི་དང་ སྒོ་ནོར་ཐོན་སྐྱེད་ལྷན་ཐབས་འབད་ནི་ དེ་ལས་ སོ་ནམ་པའི་ འཚོ་བའི་ཡར་དྲག་གཏང་ཐབས་ལུ་ ནོར་ཁྲལ་དགོངས་ཡངས་གཏང་དགོཔ་དེ་ དགོས་མཁོ་ཅན་ཅིག་ཨིན་ཟེར་ཨིན་པས།
ཁྲལ་དགོངས་ཡངས་ཀྱིས་ དཔལ་འབྱོར་ཡར་དྲག་དང་ དམིགས་བསལ་དུ་ གྲོང་གསེབ་ཀྱི་མི་སྡེ་ཚུ་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ ཚོགས་ཆུང་གི་འཐུས་མི་ བཀྲིས་བསྟན་འཛིན་གྱིས་ཞུ་ཡི།
ནོར་ཁྲལ་དེ་ ཁྲལ་གྱི་སྲིད་བྱུས་བསྐྱར་བཟོའི་འོག་ལུ་ སྤྱི་ལོ་༡༩༩༢ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ནོར་གྱི་གྱངས་ཁ་དང་བསྟུན་ དངུལ་ཀྲམ་༡ ལས་༡༠ གྱི་བར་ན་ ནོར་ཁྲལ་སྦེ་བཏབ་དོ་ཡོདཔ་ད་ དཔེར་ན་ མི་ཅིག་ལུ་ ནོར་༡༠ ཡོད་པ་ཅིན་ ནོར་ཁྲལ་དངུལ་ཀྲམ་༡ རེ་དང་ གལ་སྲིད་ནོར་༡༠ ལས་ལྷག་སྟེ་ཡོད་པ་ཅིན་ ནོར་རེ་ལུ་ དངུལ་ཀྲམ་༥ རེ་ བཏབ་དོ་ཡོདཔ་ཨིན་པས།
སྒོ་ནོར་སེམས་ཅན་གྱི་ ཁྲལ་ཚུ་ཡང་ བ་མེན་དང་ ནོར་ གཡག་ མ་ཧེ་ རྟ་ བོང་ཀུ་ ར་ དེ་ལས་ ལུག་ཚུ་ལུ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
ནོར་ཁྲལ་དགོངས་ཡངས་གཏང་དགོ་པའི་ གྲོས་འདེབས་དེ་ སྤྱི་ལོ་༢༠༢༢ ལུ་ རྒྱུ་དངོས་ཁྲལ་དཔྱད་ཡིག་ ཟིན་བྲིས་བཏབ་པའི་སྐབས་ལུ་ འབད་ཡོད་རུང་ ནོར་ཁྲལ་དེ་ རྒྱུ་དངོས་ཁྲལ་དཔྱད་ཡིག་༢༠༢༢ མ་ཚུད་པར་ཡོད་མི་དེ་ཡང་ ནོར་ཁྲལ་དེ་ བསྒུལ་མེད་ཀྱི་ རྒྱུ་དངོས་ལུ་བརྟེན་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ས་གནས་གཞུང་ལ་ལུ་ཅིག་གིས་ རང་སོའི་ རྫོང་ཁག་ཚོགས་འདུ་ནང་ འོང་འབབ་དང་ཅ་དམ་ལས་ཁུངས་ལུ་ ནོར་ཁྲལ་བསྡུ་ལེན་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་བཞིན་དུ་ ཁོ་གིས་འབད་བ་ཅིན་ ནོར་ཁྲལ་བསྡུ་ལེན་དེ་ རྒྱུ་དངོས་ཁྲལ་བཅའ་ཁྲིམས་༢༠༢༢ ཅན་མ་དང་འཁྲིལ་ཏེ་ ཨིན་ན་མེན་ན་ཟེར་ དྲི་དཔྱད་འབད་ཡོདཔ་ཨིན་པས།
བཀྲིས་བསྟན་འཛིན་གྱིས་ ཞུ་མིའི་ནང་ རྒྱལ་ཁབ་ནང་ ནོར་ཁྲལ་བསྡུ་ལེན་ནང་ སྟབས་མ་བདེཝ་ཡོདཔ་བཞིན་དུ་ ཁྲལ་ལུ་བརྟེན་ གཞུང་གི་བང་མཛོད་ནང་ དེ་ཅིག་ར་ ལྷན་ཐབས་མི་འབད་བས་ཟེར་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ གནས་སྡུད་དང་འཁྲིལ་བ་ཅིན་ ནོར་ཁྲལ་འོང་འབབ་དེ་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༠.༣༡ ལས་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་ས་ཡ་༠.༤༧ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ ས་གནས་གཞུང་གི་བཅའ་ཁྲིམས་༢༠༠༩ ཅན་མའི་ དོན་ཚན་༥༧(ག) འཕྲི་སྣོན་འབད་དོག་པའི་ གྲོས་འདེབས་ཕུལ་ཡོདཔ་ད་ དོན་ཚན་དང་འཁྲིལ་བ་ཅིན་ རྒེད་འོག་ཚོགས་སྡེ་གིས་ སྤྱི་ཚོགས་ཀྱིས་ གནང་བ་གྲོལ་བའི་ཚད་གཞི་དང་འཁྲིལ་ཏེ་ ནོར་ཁྲལ་བསྡུ་ལེན་འབད་དགོཔ་སྦེ་ ཡོདཔ་ཨིན་པས།
གྲོས་འདེབས་དེ་ལུ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་མང་ཤོས་ཅིག་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ནོར་ཁྲལ་དགོངས་ཡངས་ཀྱི་ གསུང་གྲོས་གནང་པའི་སྐབས་ དཔྱད་ཡིག་བསྟར་སྤྱོད་དེ་ གནམ་ལས་འགོ་བཙུགས་ནི་ཨིན་ན་གུ་ གྲོས་བསྡུར་རྒྱས་པར་ འབད་ཡོདཔ་ཨིན་པས།
ཚོགས་ཆུང་གིས་འབད་བ་ཅིན་ དཔྱད་ཡིག་དེ་ ཏི་རུ་གི་ དཔྱད་ཡིག་ཅིག་འབདཝ་ལས་ དངུལ་རྩིས་བློན་པོ་གིས་ སྤྱི་ཚོགས་ནང་ ངོ་སྤྲོད་འབད་མི་ ཚེ་གྲངས་ལས་ བསྟར་སྤྱོད་འབད་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
བཀྲིས་བསྟན་འཛིན་གྱིས་ ཞུ་མིའི་ནང་ མི་དམངས་དངུལ་རྩིས་བཅའ་ཁྲིམས་༢༠༡༢ ཅན་མའི་ དོན་ཚན་༤༦(ཁ) པ་དང་འཁྲིལ་བ་ཅིན་ ཁྲལ་གང་རུང་བཀལ་ནི་ ཡང་ན་ ཡར་སེང་འབད་ནི་དང་ ཡང་ན་ ད་རེས་ཡོད་པའི་ ཁྲལ་ཆ་མེད་དང་ མར་ཕབ་ ཡང་ན་ དགོངས་ཡངས་བཞག་ནི་ཚུ་ སྤྱི་ཚོགས་ཀྱིས་ ཁྲིམས་སྦེ་ཚར་ཅིག་ ཆ་འཇོག་གྲུབ་ཚེ་ རྒྱལ་ཡོངས་ཚོགས་འདུ་ནང་ འགོ་ཐོང་བཙུགས་པའི་ ཚེས་གྲངས་ལས་ བསྟར་སྤྱོད་འབད་དགོ་ཟེར་ཨིན་པས།
ཚོགས་དཔོན་འོགམ་ སངས་རྒྱས་མཁའ་འགྲོ་དང་ ཁྲིམས་ཤིང་-རྐང་པར་གྱི་འཐུས་མི་ དམ་ཆོས་བསྟན་འཛིན་༢ ཀྱིས་ ཞུ་མིའི་ནང་ རྩ་ཁྲིམས་ཆེན་མོའི་བྱ་སྒོའི་ལམ་ལུགས་དང་འཁྲིལ་ཏེ་ དཔྱད་ཡིག་དེ་ མི་དབང་མཆོག་གི་ བཀའ་གྲོལ་གནང་པའི་ཤུལ་ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་དགོ་ཟེར་ཨིན་པས།
འཐུས་མི་ཚུ་གིས་ ཞུ་མིའི་ནང་ སྒོ་ནོར་གཞན་ ཕགཔ་དང་ བྱ་ ཉ་ཚུ་ཡང་ ཁྲལ་དགོངས་ཡངས་འཐོབ་ག་ཟེར་ དྲི་བཀོད་འབད་ཡོདཔ་ཨིན་པས།
ངང་ལམ་གྱི་འཐུས་མི་ ལམ་གྲགས་དབང་འདུས་ཀྱིས་ གལ་སྲིད་ དཔྱད་ཡིག་གིས་ ཕྱི་ཁ་ལས་ ནང་འདྲེན་འཐབ་མི་ ནོར་ཚུ་ལུ་ ཁྲལ་དགོངས་ཡངས་འཐོབ་ག་ཟེར་ཞུ་ཡི།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཕགཔ་དང་ ཉ་ དེ་ལས་ བྱ་ཚུ་ལུ་ ཧེ་མ་བཟུམ་སྦེ་ ཁྲལ་མི་ཕོག་ནི་དང་ རྒྱ་གར་གྱི་ས་མཚམས་ལས་ ནང་འདྲེན་འབད་མི་ སྒོ་ནོར་སེམས་ཅན་ཚུ་ལུ་ བཙོང་ཁྲལ་ཕོག་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement