༉ རྒྱལ་ཡོངས་ཚོགས་འདུའི་ མི་སྡེ་ལམ་སྲོལ་ཚོགས་ཆུང་གིས་ སྦྱོང་ཚན་བསྐྱར་ཞིབ་ཐོག་ལས་ སློབ་ཚན་དེ་ རྫོང་ཁའི་ཁ་སྐད་དང་ འབྲུག་པའི་ལམ་སྲོལ་ལུ་ གཙོ་རིམ་བཟུང་སྟེ་ ཀྲོག་གསར་སྟག་རྩེ་ རིག་གཞུང་མཐོ་རིམ་སློབ་གྲྭ་དེ་ རང་འཇགས་བཞག་དགོ་པའི་ གྲོས་འདེབས་ཕུལ་ནུག།
འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ སྤྱི་ལོ་༢༠༢༣ ལས་ མཐོ་རིམ་སློབ་གྲྭ་དེ་ནང་ སློབ་ཕྲུག་ཚུ་ ལེན་ནི་ལས་ བཤོལ་བཞག་ཡོདཔ་བཞིན་དུ་ ད་རེས་ མཐོ་རིམ་ལོ་ངོ་༣ པ་དང་༤ པའི་ནང་ སློབ་ཕྲུག་བསྡོམས་༢༤༨ ལས་བརྒལ་མེདཔ་ཨིན་པས།
མ་གཞི་ རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་གི་ཤོང་ཚད་༡,༠༠༠ ཡོདཔ་ད་ ད་རེས་ སྦྱོང་བརྡར་ཚན་ལ་ལོ་ཅིག་ བཏོན་བཏང་ཡོདཔ་ལས་ མཐོ་རིམ་སློབ་གྲྭ་དེ་ མ་འོངས་པ་ལུ་ ག་དེ་སྦེ་ འགྱོ་འོང་ག་ སླབ་མ་ཚུགས་པའི་གནས་སྟངས་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ བཀོད་མིའི་ནང་ གཞུང་གིས་ མཐོ་རིམ་སློབ་གྲྭའི་ གཞི་བཀོད་ཚུ་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡ ལས་ལྷགཔ་སྦེ་བཏང་ཐོག་ལས་ འབྲུག་རྒྱལ་གཙུག་ལག་སློབ་སྡེ་འོག་གི་ མཐོ་རིམ་སློབ་གྲྭ་ཚུ་གྲས་ལས་ དྲག་ཤོས་ཅིག་སྦེ་ བཟོ་སྟེ་འདུག་ཟེར་ཨིན་པ་ས།
ཚོགས་ཆུང་གིས་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་དང་ ལམ་སྲོལ་གྱི་ སྲོལ་ཁྱུན་ཚུ་ ཡར་དྲག་གཏང་ནི་ལུ་ གཙོ་བོར་བཏོན་མི་ མཐོ་རིམ་ཤེས་ཚད་ཀྱི་ གཙུག་སྡེ་ཅིག་ཨིན་མི་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ འགན་ཁུར་དེ་ གཙོ་བོར་བཏོན་ནུག་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་ རྒྱལ་ཁབ་ཀྱི་ངོ་རྟགས་ཀྱི་ གཞི་འགྱམ་ཨིནམ་ལས་ བསྐྱར་ཞིབ་དང་ རྒྱ་སྐྱེད་འབད་དགོཔ་དེ་ གལ་ཅན་ཅིག་ཨིནམ་སྦེ་ ཚོགས་ཆུང་གིས་ བཀོད་དེ་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ མཐོ་རིམ་སློབ་གྲྭ་ནང་ རྫོང་ཁ་ཁ་སྐད་ཞིབ་འཚོལ་ལྟེ་བ་དང་ གཙུག་ལག་ཤེས་ཡོན་ དེ་ལས་ རྫོང་དང་ལམ་སྲོལ་ཤེས་ཡོན་གྱི་ མཁས་མཆོག་སྦྱང་ནི་གི་ཚུ་ བཙུགས་དགོ་པའི་ གྲོས་བདེབས་བཀོད་དེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཚོགས་ཆུང་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁང་དང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་བར་ན་ མཉམ་འབྲེལ་ཐོག་ལས་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་དང་ སེམས་དོན་རིག་པའི་སྤེལ་ཁང་ཚུ་དང་སྦྱོང་ཚན་གཅིག་མཚུངས་ཡོད་མི་ཚུ་ མེདཔ་བཟོ་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
ཚོགས་ཆུང་གིས་ བཀོད་མིའི་ནང་ ཤེས་ཡོན་ལེགས་ཤོམ་བཟོ་ནི་དང་ ཆོས་ཚན་གཅིག་མཚུངས་ལས་ བཀག་ཐབས་ལུ་ གཞི་བཀོད་ལེགས་ཤོམ་ཅིག་ བཟོ་དགོཔ་འདུག་ཟེར་ཨིན་པས།
ད་རེས་ རིག་གཞུང་མཐོ་རིམ་སློབ་གྲྭ་གིས་ རྫོང་ཁ་ལམ་སྲོལ་ཤེས་ཡོན་ནང་དང་ སྐད་ཡིག་དང་རྩོམ་རིག་གཞི་རིམ་དང་ རྫོང་ཁ་དང་ ཆོས་སྐད་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ཨིན་རུང་ ཧེ་མ་ལཱ་ཡན་ཤེས་ཡོན་ནང་ གཙུག་ལག་གཞི་རིམ་དང་ སྐད་ཡིག་དང་ བརྡ་དོན་རིག་རྩལ་ཌེབ་ལོ་མའི་ སྦྱོང་ཚན་དེ་ མེདཔ་བཟོ་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ མཐོ་རིམ་སློབ་གྲྭ་དེ་ དེང་སང་གི་སློབ་གྲྭ་དང་ ཨིསི་ཊེམ་གཙུག་སྡེ་ཅིག་སྦེ་གཞི་སྒྱུར་ ཡང་ཅིན་ དམིགས་བསལ་དུ་ གལ་སྲིད་ དགེ་ལེགས་ཕུག་དེ་ དྲན་ཤེས་ཁྲོམ་ཚོགས་སྦེ་བཟོ་སྟེ་ ད་ལྟོའི་ སློབ་གྲྭ་ཚུ་ སྒོ་བསྡམས་པ་ཅིན་ མཐོ་རིམ་སློབ་གྲྭ་དེ་ གསར་སྤང་རྫོང་ཁག་གི་ སློབ་ཕྲུག་ཚུ་གི་དོན་ལུ་ ལུང་ཕྱོགས་ཀྱི་ སློབ་གྲྭ་ཅིག་སྦེ་ བཟོ་ནི་ལུ་ཡང་ འོས་འབབ་འདུག་ཟེར་ཨིན་པས།
ཚོགས་ཆུང་གིས་ འབྲུག་གི་མ་འོངས་པའི་ མི་སེར་ཚུ་ལུ་ རྒྱལ་ཡོངས་སྐད་ཡིག་ནང་ ཤེས་ཡོན་བྱིན་ནི་དང་ འབྲུག་རྒྱལ་ཁབ་ཀྱི་ གཞན་དང་མ་འདྲ་བའི་ ལམ་སྲོལ་ཚུ་ ཉམས་སྲུང་འབད་ནི་ལུ་ ཁག་ཆེ་བའི་སྐོར་ལས་ བཤདཔ་ཨིན་པས།
གཞི་སྒྱུར་ལས་རིམ་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ལེགས་བཅོས་འབད་དེ་ སྤྱི་ལོ་༢༠༢༡ ལས་ འབྲེལ་བ་མེད་པའི་ སྦྱོང་ཚན་ལེ་ཤ་ཅིག་ར་མེདཔ་སྦེ་ བཟོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement