༉ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ ཁོང་རའི་ཐོབ་ཐངས་ཀྱི་ སྙན་ཞུ་དེ་ བརྡ་བརྒྱུད་ཚུ་ནང་ དར་ཁྱབ་སོང་མིའི་ཐད་ཁར་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འོགམ་ སངས་རྒྱས་མཁའ་འགྲོ་གིས་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ ཚོགས་བཞུགས་ནང་ འཐུས་མི་ཚུ་གི་ ཐོབ་ཐངས་དང་ སྤྱི་ཚོགས་ཀྱི་ཁེ་ཕན་གྱིས་མ་དོ་བར་ སྤྱིར་བཏང་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་༢༠༢༢ ཅན་མའི་ནང་ སྟབས་མ་བདེཝ་བྱུང་མི་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་འོང་ཟེར་ དོགས་སེལ་འབད་ཡོདཔ་ཨིན་པས།
བརྡ་བརྒྱུད་ནང་ དམིགས་བསལ་དུ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཆེད་དུ་བཀོད་པའི་ སྣུམ་འཁོར་ཅིག་ དགོ་པའི་གནས་ཚུལ་ དར་ཁྱབ་སྦོམ་སྦེ་ར་ སོང་ཡོདཔ་བཞིན་དུ་ མི་ཚུ་གིས་ རང་གི་མཐའ་དོན་ལྟ་བའི་ཁར་ རྒྱལ་ཁབ་ནང་ བུ་ལོན་ཡར་སེང་འགྱོ་བའི་ནམ་དུས་ལུ་ རིན་གོང་ཆེ་བའི་ སྣུམ་འཁོར་ཚུ་ མཁོ་འདོད་བསྐྱེདཔ་མས་ཟེར་ཨིན་པས།
ཚོགས་དཔོན་འོགམ་གིས་ སླབ་མིའི་ནང་ སྤྱི་ཚོགས་ནང་ དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་ལུ་བརྟེན་ ཞི་གཡོགཔ་ཚུ་ལུ་ སྟབས་མ་བདེ་བའི་ གནད་དོན་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཟེར་ཨིནམ་ད་ མ་གཞི་ སྤྱི་ཚོགས་ཀྱིས་ ལག་ལེན་གྱི་དོན་ལུ་ དངུལ་ཕོགས་བསྐྱར་བཟོ་དེ་ ཆ་འཇོག་གྲུབ་ཡོད་རུང་ དོན་འགྲེལ་ནང་ ཆད་སྐྱོན་དང་ མགུ་འཐོམ་ནི་གི་ གནད་དོན་ལེ་ཤ་འདུག་ཟེར་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ མི་མང་གི་ བསམ་འཆར་དང་ ཚ་གྱང་བཀོད་མི་ཚུ་ལུ་ ངོས་ལེན་འབད་ཡོདཔ་ད་ མི་སེར་ཚུ་གིས་ བཀོད་མི་དང་འཁྲིལ་བ་ཅིན་ གྲོང་གསེབ་མང་ཤོས་ཅིག་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ མ་ཐོབ་པའི་མཐའ་མར་ སྤྱི་ཚོགས་འགོ་མ་བཙུགསཔ་ལས་ འཐུས་མི་ཚུ་གིས་ དེ་སྦེ་ གྲོས་འཆར་བཀོད་མི་དེ་ འདྲ་མཉམ་མིན་འདུག་ཟེར་ཨིན་པས།
སངས་རྒྱ་མཁའ་འགྲོ་གིས་ སླབ་མིའི་ནང་ གཞུང་གིས་ སྤྱི་ཚོགས་ནང་ གསུང་གྲོས་གནང་ནིའི་དོན་ལུ་ གནད་དོན་དེ་ ཏི་རུ་གི་དཔྱད་ཡིག་སྦེ་ མ་བཙུགས་པ་ཅིན་ འཐུས་མི་ཁོང་ར་ལུ་ ཁེ་ཕན་དང་ ཐོབ་ཐངས་འཐོབ་ནི་གི་ དབང་ཚད་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གསུང་གྲོས་དེ་ དངུལ་ཕོགས་ཡར་སེང་དང་ ཡང་ཅིན་ བསྒྱུར་བཅོས་ཀྱི་དོན་ལུ་དང་ དམིགས་བསལ་དུ་ འཐུས་མི་རྐྱངམ་གཅིག་མེན་པར་ བཅའ་ཁྲིམས་ལུ་བརྟེན་ ཞི་གཡོགཔ་ཚུ་ལུ་ དཀའ་ངལ་བྱུང་མི་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་ བཅའ་ཁྲིམས་དེ་ གཞུང་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་དོན་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་ཡོདཔ་ད་ གསུང་གྲོས་དེ་ཡང་ བཅའ་ཁྲིམས་ལག་ལེན་དང་ གདོང་ལེན་བསྐྱར་ཞིབ་ཀྱི་ སྙན་ཞུ་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པས།
དཔྱད་ཡིག་གི་ དམིགས་ཡུལ་དེ་ འཐུས་མི་ཚུ་གི་མཐའ་དོན་མེན་པར་ གོ་རྟོགས་བརྒྱ་ཆེཝ་དང་ ལག་ལེན་གྱི་དོན་ལུ་ བཅའ་ཁྲིམས་དེ་ གཅིག་མཚུངས་བཟོ་ནི་དང་ དཔྱད་ཡིག་གི་ ལོ་བསྟར་ངལ་གསོ་དང་ འགྲུལ་འཐུས་ལུ་བརྟེན་ ཞི་གཡོགཔ་ཚུ་ལུ་ དཀའ་ངལ་བྱུང་བའི་སྐོར་ལས་ཡང་ གསུང་གྲོས་གནང་འོང་ཟེར་ སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞི་གཡོགཔ་ཚུ་ལུ་ རྒྱབ་སྐྱོར་དང་ ཁོང་ཆ་ཁྱབ་ལུ་ རྒྱལ་ཁབ་ནང་ ཞབས་ཏོག་ལེགས་ཤོམ་བྱིན་ནིའི་འགན་ཁུར་ སྤྱི་ཚོགས་ལུ་ ཡོད་ཟེར་ཨིནམ་ད་ དཔེར་ན་ ཞི་གཡོགཔ་ཚུ་ལུ་ བརྡ་དོན་གྱི་འཐུས་ འཐོབ་ནི་མེད་མི་གིས་ དཀའ་ངལ་ཐོན་ཏེ་ འདུག་ཟེར་ཨིན་པས།
གནད་དོན་དེ་ གལ་ཅན་ཨིན་མི་དེ་ཡང་ ད་རེས་ ཡིག་ཚང་མང་ཤོས་ཅིག་ནང་ བརྡ་དོན་འཕྲུལ་རིག་ཐོག་ལས་ ལཱ་འབད་དོ་ཡོདཔ་ལས་ སྒེར་དོན་གྱི་ ཅ་ཆས་ཚུ་དགོཔ་འདུག་ཟེར་ སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ བསྒྱུར་བཅོས་འབད་མིའི་ཐད་ཁར་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ ཡིག་ཚང་གི་ལཱ་ཚུ་འབད་བའི་སྐབས་ ཞི་གཡོགཔ་ཚུ་གིས་ ཁོང་རའི་ཏི་རུ་ ལག་ལེན་འཐབ་མི་དེ་ དྲང་བདེན་ཅིག་ མིན་འདུག་ཟེར་ཨིན་པས།
དཔེ་གཞན་མི་དེ་ ཞི་གཡོགཔ་ཚུ་ ཆེ་མཐོའི་འགོ་དཔོན་ཚུ་དང་ ལྟ་སྐོར་འགྱོ་བའི་སྐབས་ ཉིན་འཐུས་བརྒྱ་ཆ་༢༠ བྱིན་མི་ལུ་ཡང་ སྟབས་མ་བདེཝ་ཡོདཔ་ཨིན་པས།
ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཀུན་དགའ་གིས་ སླབ་མིའི་ནང་ སྤྱི་ཚོགས་ནང་ བསྐྱར་ཞིབ་འབད་དེ་ ད་རེས་ ཁྱད་པར་ཆགས་མི་ཚུ་ བསུབ་ནི་དང་ བཅའ་ཁྲིམས་ལག་ལེན་འཐབ་ད་ སྟབས་མ་བདེཝ་ཐོན་མི་ཚུ་ སེལ་ཐབས་འབད་ནི་གི་ འགན་ཁུར་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ འཐུས་མི་གི་ ཁེ་ཕན་དང་ ཐོབ་ཐངས་རྐྱངམ་གཅིག་ལུ་བལྟ་སྟེ་ རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་ག་ར་ འཐོབ་མ་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement