༉ རྒྱལ་ཡོངས་ཚོགས་འདུའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ སློབ་རིམ་༡༢ པ་མཐར་འཁྱོལ་མི་སློབ་ཕྲུག་ཚུ་ མཐོ་རིམ་ཤེས་ཚད་སྦྱང་ནིའི་དོན་ལུ་ གོ་སྐབས་འཐོབ་མ་ཚུགས་པར་ ལུས་མི་ཚུ་གི་དོན་ལུ་ འབྲུག་རྒྱལ་འཛིན་གཙུག་ལག་གིས་ སློབ་ཕྲུག་འཛུལ་ཞུགས་ཀྱི་བྱ་རིམ་ཚུ་ བསྐྱར་ཞིབ་འབད་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༧ ལུ་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ ངོས་འཛིན་བྱུང་མིའི་གནད་དོན་ཚུ་ ཁྲི་འཛིན་ལྷ་བ་ལྷ་བ་གིས་ གསལ་ཞུ་འབད་མིའི་ནང་ སློབ་ཕྲུག་རང་གིས་ ཟད་འགྲོ་བཏང་མི་ཚུ་བརྩིས་པའི་ བརྒྱ་ཆ་༣༥ གིས་མ་གཏོགས་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་ གོ་སྐབས་ཐོབ་མ་ཚུགས་པར་ཡོདཔ་ལས་ ལྷག་ལུས་ སློབ་ཕྲུག་ཨ་ལུ་བརྒྱ་ཆ་༦༥ དེ་ སློབ་སྦྱོང་གི་ གོ་སྐབས་ཐོབ་མ་ཚུགས་པར་ ལུས་ཏེ་ཡོད་མི་གིས་ ང་བཅས་རྒྱལ་ཁབ་ནང་ མ་འོངས་པའི་དོན་ལུ་ རྒྱལ་ཁབ་ཀྱི་མི་སྟོབས་གོང་འཕེལ་དང་ ཡུན་རིང་འཕེལ་ཚད་ལུ་ གདོང་ལེན་སྦོམ་ར་ འབྱུང་ནི་བཟུམ་ཡོདཔ་སྦེ་ཨིན་པས།
མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ བཤད་མིའི་ནང་ འབྲུག་རྒྱལ་འཛིན་གཙུག་ལག་གི་ མཐོ་རིམ་ཤེས་ཚད་དོན་ལུ་ འཛུལ་ཞུགས་འབད་མི་ ཡར་སེང་འགྱོཝ་དང་འབྲེལ་ ཨ་ལུ་ཚུ་ལུ་ གོ་སྐབས་ཚུ་ དགོས་མཁོ་ཅན་སྦེ་ བཞག་དགོ་པའི་ཁར་ དམིགས་བསལ་གྱི་ དཔལ་འབྱོར་གྱི་ ལྕོགས་གྲུབ་མེད་མི་ཚུ་ལུ་ དགོས་མཁོ་སྦོམ་ར་འདུག་ཟེར་ཨིན་པས།
ཚོགས་ཆུང་གིས་ གོ་སྐབས་ཉུང་སུ་ཅིག་ལས་མེད་མི་གིས་ འབྲུག་གི་ཡུན་རིང་གོང་འཕེལ་དང་ དམིགསལ་བསལ་གྱི་ ལྕོགས་གྲུབ་ཅན་གྱི་མི་སྟོབས་ དེ་ལས་ དཔལ་འབྱོར་ཡར་བསྐྱེད་ལུ་ ཐོ་སྦོམ་སྦེ་ར་ཕོག་འོང་ཟེར་ཨིན་པས།
ལྷོ་ཐིམ་ཕུག་གི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ སྤྱི་ལོ་༢༠༢༢ དང་༢༣ གྱི་ སློབ་དུས་ཀྱི་ སློབ་ཕྲུག་ཨ་ལུ་ཚུ་ ཤེས་ཡོན་གྱི་གནས་ཚད་མེད་པར་ དེ་སྦེ་ར་ལུས་སོ་ནུག་ཟེར་ ཞུ་བ་འབད་ཡོདཔ་ཨིན་པས།
སློབ་ཕྲུག་འདི་ཚུ་ རྒྱབ་སྐྱོར་སྒྲིང་སྒྲི་མེད་མི་ཚུ་ཨིནམ་བཞིན་དུ་ བཙག་འཐུའི་བསྐུལ་བསྒྲགས་སྐབས་ལུ་ སློབ་ཕྲུག་ཨ་ལུ་མང་ཤོས་ཅིག་ གཡུས་ཁ་ལས་ཕར་ གོ་སྐབས་ཐོབ་མ་ཚུགས་པར་ ལུས་ཏེ་ཡོད་པའི་ ཤེས་ཚོར་བྱུང་ཡི་ཟེར་ཨིནམ་ད་ གནད་དོན་འདི་ཚུ་ གཞུང་གི་སྲིད་བྱུས་ནང་ར་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ ཚེ་དབང་རིག་འཛིན་གྱིས་ གསལ་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་ ནན་བསྐྱར་དུ་ གྲོས་འདེབས་ཕུལ་མིའི་ནང་ ཤེས་རིག་ལྷན་ཁག་གིས་ ཐོན་སྐྱེད་དང་འབྲེལ་བའི་ འཆར་དངུལ་ཚུ་ ལོགས་སུ་སྦེ་ར་ འཚོལ་ཞིནམ་ལས་ སློབ་ཕྲུག་ཨ་ལུ་ཆ་ཁྱབ་ ཤེས་ཡོན་འཕྲོ་མཐུད་སྦྱང་བཅུག་དགོཔ་འདུག་ཟེར་ཨིན་པས།
ཚོགས་ཁང་གིས་ གྲོས་གཞི་འདི་ལུ་ ཆ་འཇོག་འབད་དེ་ ཆེ་རིམ་ཤེས་ཡོན་སྦྱང་ནིའི་དོན་ལུ་ འདྲ་མཉམ་གྱི་འཕྲལ་མཁོའི་ གྲུབ་འབྲས་བཏོན་དགོཔ་ཡོདཔ་སྦེ་ཨིན་པས།
ཤེས་རིག་བློན་པོ་ ཡིད་བཟང་ཌི་ཐ་པ་གིས་ ཞུ་བ་འབད་མིའི་ནང་ འབྲུག་རྒྱལ་འཛིན་གཙུག་ལག་མཐོ་རིམ་སློབ་གྲྭ་ནང་ ད་ལྟོ་ ལོ་བསྟར་བཞིན་དུ་ སློབ་ཕྲུག་༢,༦༠༠ འཛུལ་ཞུགས་འབད་དོ་ཡོདཔ་ད་ རྒྱལ་ཁབ་ནང་ མཐོ་རིམ་སློབ་གྲྭ་༡༡ ཡོད་མི་ཚུ་ཡང་ གཞུང་དབང་གི་སློབ་གྲྭ་༩ དང་ སྒེར་སྡེའི་སློབ་གྲྭ་༢ ཡོདཔ་བཞིན་དུ་ སློབ་ཕྲུག་ལེན་ནི་དེ་ཡང་ གཞུང་གི་ཁ་ཐུག་ལས་བརྒྱ་ཆ་༢༠ དང་ རང་སོའི་ཟད་འགྲོ་ཐོག་ལུ་ བརྒྱ་ཆ་༡༥ ཡོད་ཟེར་ཨིན་པས།
བློན་པོ་ ཡིད་བཟང་ཌི་ཐ་པ་གིས་ འབད་བ་ཅིན་ སློབ་གྲྭ་ནང་ གཞི་རྟེན་མཁོ་ཆས་ ཚད་ཅིག་ལས་མེད་མི་དང་ ཤེས་རིག་གི་ སྤུས་ཚད་རྒྱུན་སྐྱོང་འབད་དགོ་མི་ལུ་བརྟེན་ འཛུལ་ཞུགས་ཀྱི་ གྱངས་ཁ་ཡར་སེང་འབད་ནི་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
ཐབས་ལམ་གཞན་ཅིག་དེ་ ལག་ཤེས་སྦྱོང་བརྡར་ལས་རིམ་གྱིས་ སློབ་ཕྲུག་ཚུ་ལུ་ རིག་རྩལ་གོང་འཕེལ་བཏང་ནིའི་ ཐབས་ལམ་ཅིག་ཨིན་ཟེར་ བློན་པོ་གིས་ ཞུ་ཡོདཔ་ཨིན་པས།
དཔལ་འབྱོར་གྱི་གདོང་ལེན་འབྱུང་མིའི་ གནད་དོན་ཐོག་ལུ་ མོང་སྒར་འཐུས་མི་ གནས་བརྟན་དབང་ཕྱུག་གིས་ ཞུ་མིའི་ནང་ ལོ་བསྟར་བཞིན་དུ་ སློབ་ཕྲུག་༦,༧༡༨ མཐོ་རིམ་ཤེས་ཡོན་སྦྱང་མ་ཚུགས་པར་ ལུས་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ སློབ་སྦྱོང་གི་དོན་ལུ་ ཕྱི་ཁ་ལས་ཕར་ འགྱོ་དོ་ཡོདཔ་སྦེ་ཨིནམ་བཞིན་དུ་ སློབ་སྦྱོང་འབད་བར་ ཕྱི་རྒྱལ་ཁབ་ཚུ་ནང་ འགྱོ་མི་གིས་ རྒྱལ་ཁབ་ཀྱི་ཕྱི་དངུལ་གསོག་འཇོག་ལུ་ ཐོ་ཕོག་དོ་ཡོད་མི་དེ་ཡང་ ལོ་བསྟར་བཞིན་དུ་ ཚོད་རྩིས་དངུལ་ཀྲམ་ཐེར་འབུམ་༧ རེ་ གཞུང་ལུ་སྐུ་གྱོང་ཕོག་མི་གིས་ ལོ་ལྔའི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༣༠ སྐུ་གྱོང་ཕོགཔ་མས་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ཡོད་པའི་ སློབ་གྲྭ་གིས་ ད་རུང་ སློབ་ཕྲུག་ཐེབས་༣,༠༠༠ བཙུགས་ཚུགས་པའི་ འོས་འབབ་ཡོདཔ་ད་ འདི་བཟུམ་གྱི་དཀའ་ངལ་དང་ གདོང་ལེན་ཚུ་ སེམས་ཁར་བཞག་སྟེ་ བདེ་སྒྲིག་ཐོག་ སློབ་ཕྲུག་ཚུ་རྒྱལ་ཁབ་ནང་ར་བཞག་ནིའི་ འཆར་གཞི་སྒྲིག་དགོཔ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ལུ་ གཞུང་གི་ཁ་ཐུག་ལས་ བསྐྱར་ཞིབ་ཚུ་འབད་ཞིནམ་ལས་ ཁ་གསལ་གྱི་སྙན་ཞུ་ཚུ་ ཤུལ་མའི་ཚོགས་ཁང་ནང་ བཙུགས་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement