༉ རྒྱལ་ཡོངས་ཚོགས་སྡེའི་ དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་ བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ ཚེ་དབང་རིན་ཆེན་གྱིས་ རྫོང་ཁག་སོ་སོར་ནང་ ལྟ་བཤལཔ་འོང་མི་དེ་ ལུང་ཕྱོགས་འདྲ་མཉམ་མེད་པའི་ ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས།
ཁྲི་འཛིན་ཚེ་དབང་རིན་ཆེན་གྱིས་ ལྟ་བཤལཔ་གི་གྱངས་ཁ་ནང་ ལུང་ཕྱོགས་ཁྱད་པར་སྦོམ་ཡོད་མི་ཚུ་ གསལ་བཀོད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ ལུང་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལཔ་༢༣༠,༢༩༦ འོང་ཡོདཔ་ད་ དབུས་ཕྱོགས་རྫོང་ཁག་ནང་འབད་བ་ཅིན་ ལྟ་བཤལཔ་༡༧,༦༦༠ དེ་ལས་ ཤར་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ནང་ ལྟ་བཤལཔ་༧,༡༢༩ དང་༤,༥༧༨ རེ་ལས་བརྒལ་ མ་ལྷོདཔ་ཨིན་པས།
ལྟ་བཤལ་པའི་སྲིད་བྱུས་ རིན་གོང་ཆེ་བ་ གནོད་པ་ཉུང་སུ་ཡོད་རུང་ ལྟ་བཤལཔ་ཚུ་ ལུང་ཕྱོགས་འདྲ་མཉམ་མེད་པའི་ དཀའ་ངལ་ཚུ་ བྱུང་བཞིན་ཡོདཔ་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་ ཚེ་དབང་རིན་ཆེན་གྱིས་ ཞུ་མིའི་ནང་ ལྟ་བཤལཔ་ཚུ་གིས་ ལུང་ཕྱོགས་རྫོང་ཁག་ཚུ་ནང་ ཁེ་ཕན་སྦོམ་ཐོབ་མི་ གནད་དོན་གཙོ་བོ་ར་ ལྟ་བཤལཔ་འཛུལ་སར་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཡོད་མི་དང་ འཁོར་ལམ་ལེགས་ཤོམ་ཡོད་མི་ དེ་ལས་ ཟ་ཁང་དང་ ལྟ་བཤལ་དང་འབྲེལ་བའི་ མཐུན་རྐྱེན་གཞན་ ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
དབུས་ཕྱོགས་དང་ ཤར་ཕྱོགས་ དེ་ལས་ ལུང་ཕྱོགས་རྫོང་ཁག་ཚུ་ གཞི་རྟེན་མཐུན་རྐྱེན་ སྐྱོ་དྲགས་དང་ སྐྱེལ་འདྲེན་གྱི་ཞབས་ཏོག་ ཚད་གཅིག་ལས་བརྒལ་མེད་མི་ དེ་ལས་ སྡོད་གནས་མེད་མི་དང་ ལྟ་བཤལ་དང་འབྲེལ་བའི་ ཞབས་ཏོག་གཞན་ཚུ་མེད་མི་ལུ་བརྟེན་ གདོང་ལེན་བྱུང་སྟེ་ ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ལྟ་བཤལཔ་མང་ཤོས་ཅིག་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ འགྱོ་མི་བཏུབ་དོ་ཡོདཔ་བཞིན་དུ་ ཡོདཔ་ཨིན་པས།
གནད་དོན་གཞན་གཅིགཔོ་དེ་ ཉིན་བསྟར་གྱི་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཨིནམ་བཞིན་དུ་ དེ་གིས་ ལྟ་བཤལཔ་ཚུ་ ཡུན་རིངམ་སྦེ་ སྡོད་པ་ཅིན་ ཟད་འགྲོ་ལྕི་དྲགས་གནས་དོ་ཡོད་པའི་ཁར་ ནུབ་ཕྱོགས་རྫོང་ཁག་ལས་བརྒལ་ཏེ་ འགྱོ་ནི་གི་ སེམས་ཤུགས་མར་ཉམས་འགྱོ་དོ་ ཡོདཔ་ཨིན་པས།
ཁྲི་འཛིན་ཚེ་དབང་རིན་ཆེན་གྱིས་ ཞུ་མིའི་ནང་ གནད་དོན་ཚུ་ སེལ་ཐབས་ལུ་ སྲིད་བྱུས་ཀྱི་ གཞི་བཀོད་ཆ་ཚང་ཅིག་ དགོཔ་ཡོདཔ་ད་ ལྟ་བཤལཔ་ལུང་ཕྱོགས་འདྲ་མཉམ་སྦེ་ གོང་འཕེལ་གཏང་ནིའི་དོན་ལས་ གོ་བ་བརྡ་སྤྲོད་ཚུ་ཡང་ འབད་དགོཔ་འདུག་ཟེར་ཨིན་པས།
འཐུས་མི་ཚུ་གིས་ ལྟ་བཤལཔ་དེ་ འདྲ་མཉམ་སྦེ་ གོང་འཕེལ་གཏང་ནི་ལུ་ བསམ་འཆར་ཚུ་ བཀོད་ཡོདཔ་ད་ ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་གྱིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཀྱི་ འོང་འབབ་ཚུ་ དབྱེ་ཞིབ་འབད་དགོ་པའི་ གྲོས་འཆར་བཀོད་ཡོདཔ་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ དབྱེ་ཞིབ་དེ་ཡང་ རྒྱལ་ཁབ་ཀྱི་དཔལ་འབྱོར་དམིགས་ཡུལ་དང་འཁྲིལ་ཏེ་ ཡུ་ཨེསི་ཌོ་ལར་དང་ རྒྱ་གར་གྱི་ རུ་པི་༢ ཆ་ར་ འབད་དགོཔ་ད་ དཔལ་འབྱོར་ལུ་ ལྷན་ཐབས་སྦོམ་འབད་མི་ རྒྱལ་སྤྱི་ལྟ་བཤལཔ་ཚུ་ལུ་ གཙོ་རིམ་བཟུང་དགོཔ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
བཀྲིས་སྒང་གི་འཐུས་མི་ བསོད་ནམས་རྒྱས་ཀྱིས་ ཞུ་མིའི་ནང་ ལྟ་བཤལ་གྱི་བཅའ་ཁྲིམས་མེད་མི་དང་ འཕྲལ་འཕྲལ་ར་ སྲིད་བྱུས་བསྒྱུར་བཅོས་འབད་མི་ལུ་བརྟེན་ ལྟ་བཤལཔ་ཚུ་གི་བར་ན་ མགུ་འཐོམ་བཟོ་མི་དེ་གིས་ ནུབ་ཕྱོགས་རྫོང་ཁག་ལས་བརྒལ་ཏེ་ འོང་ནི་ལས་ སེམས་ཤུགས་འཐོབ་མ་ཚུགས་པས་ཟེར་ཨིན་པས།
སྤ་རོ་གི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ ཞུ་མིའི་ནང་ ལྟ་བཤལཔ་ཚུ་ ཤར་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ལྟ་སྐོར་འབད་བཅུག་པ་ཅིན་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་ཤོམ་བཟོ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༡༨ ལུ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལཔ་འོང་མི་ཚུ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ ཡངས་ཆག་བཏང་ཡོད་རུང་ ལྟ་བཤལཔ་འོང་མི་ གྱངས་ཁ་ཡར་སེང་མ་འགྱོ་བར་ཡོད་མི་ གཙོ་བོ་ར་ གཞི་རྟེན་མཐུན་རྐྱེན་ ལེགས་ཤོམ་མེད་མི་ལུ་བརྟེན་ཨིན་མས་ཟེར་ ཞུ་ཡི།
སྤ་རོ་དང་ ཐིམ་ཕུག་གི་བར་ན་ གཞི་རྟེན་མཐུན་རྐྱེན་ དཔེ་འབད་བ་ཅིན་ གསང་སྤྱོད་ལེགས་ཤོམ་མེད་མི་གིས་ ལྟ་བཤལ་པའི་གནས་སྟངས་དེ་ དཀའ་ངལ་ཅན་ཅིག་སྦེ་ བཟོཝ་མས་ཟེར་ ཨོ་རྒྱན་ཚེ་རིང་གིས་ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ ཕྱིའི་ལྟ་བཤལ་ལག་ལེན་པ་ཚུ་གིས་ ཟ་ཁང་གི་ གོང་ཚད་དང་ ཞབས་ཏོག་ཚུ་ ཚད་འཛིན་འབད་མི་ལུ་བརྟེན་ ས་ཁར་ལས་འོང་མི་ ལྟ་བཤལཔ་ཚུ་ལུ་ ཞབས་ཏོག་བྱིན་མི་ འབྲུག་མི་ཚུ་ལུ་ ཁེ་ཕན་འཐོབ་མི་ཚུགས་པས་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༩ པའི་ནང་འཁོད་ལུ་ འབྲུག་ལུ་ རྒྱལ་སྤྱི་ལྟ་བཤལཔ་༣༡,༠༧༣ དང་ ལུང་ཕྱོགས་ལྟ་བཤལཔ་༦༤,༥༦༠ བརྩིས་ཏེ་ ཡོངས་བསྡོམས་ལྟ་བཤལཔ་༩༥,༦༣༣ འོང་ཡོདཔ་ཨིན་པས།
དཔལ་འབྱོར་ཚོགས་ཆུང་གིས་ ཕྱི་མི་ནང་སྐྱོད་ལས་ཁུངས་དང་ ལྟ་བཤལ་ལས་ཁུངས་ ལཱ་གཡོག་ཚོང་དང་བཟོ་གྲྭ་ལྷན་ཁག་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འགོ་འདྲེན་འཐབ་ནི་ཨིན་པས།
ལྟ་བཤལ་ལས་སྡེའི་ནང་འཁོད་ལུ་ གདོང་ལེན་དང་ གོ་སྐབས་བལྟ་ནི་ཚུ་ གཏིང་ཟབ་སྦེ་ཧ་གོ་ཐབས་ལུ་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ ལྟ་བཤལ་ས་ཁོངས་ཚུ་ནང་ ལྟ་སྐོར་འབད་ནི་ཨིན་པས།
འབྲུག་གི་ལྟ་བཤལཔ་པའི་གནས་སྟངས་ཀྱི་ ཆ་ཚང་སྙན་ཞུ་དེ་ གནམ་དགུན་གྱི་ ཚོགས་བཞུགས་ནང་ གསལ་ཞུ་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement