༉ རྒྱལ་ཡོངས་ཚོགས་སྡེའི་ དམིགས་བསལ་ཚོགས་ཆུང་གིས་ ཞུ་བ་འབད་མིའི་ནང་ སློབ་དཔོན་ཚུ་ གནས་སོར་གཏང་ནི་དང་ གོ་གནས་ཡར་སེང་གི་སྐབས་ ཚུལ་མཐུན་མེད་པའི་གནད་དོན་ལུ་བརྟེན་ རྒྱལ་ཁབ་ནང་གི་སློབ་དཔོན་ཚུ་ སེམས་མ་དགའ་བར་འདུག་ཟེར་ཨིན་པས།
ཚོགས་ཆུང་གིས་ ཁ་ཙ་ ཤེས་རིག་དང་འབྲེལ་བའི་ ཁྲིམས་དོན་གྱི་བསྐྱར་ཞིབ་སྐབས་ ངོས་འཛིན་བྱུང་མི་ཚུ་ གསལ་སྟོན་འབད་ཡོདཔ་ད་ དེ་ཡང་ ཁྲོམ་ཁར་སྡོད་མི་དང་ གྲོང་གསེབ་ནང་ གནས་སོར་ཕོག་མི་ཚུ་གི་བར་ན་ ལྟ་རྟོག་དང་ གོ་གནས་ཡར་སེང་ཚུ་ནང་ ཁྱད་པར་ཚུ་ཞུགས་ཡོདཔ་སྦེ་ཨིན་པས།
ཚོགས་ཆུང་གིས་ འབྲུག་ཞི་གཡོག་ཞབས་ཏོག་བཅའ་ཡིག་དང་ སྒྲིག་གཞི་༢༠༢༣ ཅན་མ་ལྟར་སློབ་དཔོན་ཚུ་ གནས་སོར་གཏངམ་ད་ ལམ་སྟོན་ཚུ་གི་སྐོར་ལས་ གསལ་སྟོན་འབད་ཡོདཔ་ཨིན་པས།
འབྲུག་ཞི་གཡོག་ཞབས་ཏོག་བཅའ་ཡིག་དང་ སྒྲིག་གཞི་གི་དོན་ཚན་ནང་ སློབ་དཔོན་ཚུ་རྩིས་པའི་ ཞི་གཡོགཔ་ཚུ་ ལོ་ལྔའི་རྒྱབ་ལས་ གནས་སོར་བཏང་དགོཔ་སྦེ་ཡོདཔ་ལས་ འདི་བཟུམ་གྱི་ ལམ་སྟོན་ཐོག་ལུ་ ལག་ལེན་བསྟར་སྤྱོད་འབདཝ་ད་ ཁྱེད་པར་ཕྱེ་མི་ལུ་ དབུགས་འགམ་ཡོདཔ་སྦེ་ཨིན་པས།
འབྲུག་ཞི་གཡོག་ཞབས་ཏོག་བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལཝ་ད་ ངོ་རྐྱང་ཚུ་གིས་ གལ་སྲིད་ གནས་སོར་རེ་འགྱོ་དགོ་པའི་ ཞུ་བ་འབད་དགོཔ་འདྲཝ་འབད་བ་ཅིན་ གོ་གནས་དེ་ནང་ ཉུང་ཤོས་ར་ ལོ་༢ ཞབས་ཏོག་ཞུ་དགོཔ་སྦེ་ འདུག་ཟེར་ཨིན་པས།
དེ་འབདཝ་ད་ ཚོངས་ཆུང་གིས་ ངོས་འཛིན་བྱུང་དོ་བཟུམ་འབད་བ་ཅིན་ ལམ་སྟོན་དེ་ སྣང་མེད་བསྐྱུར་བཞགཔ་མ་ཚད་ སློབ་དཔོན་གནས་སོར་སྐབས་ འདི་ཚུ་ལུ་གཞི་རྟེན་མ་འབད་བས་ཟེར་ཨིནམ་ད་ དེ་གིས་སྦེ་ སློབ་གྲྭ་ལ་ལུ་ཅིག་ནང་ སློབ་དཔོན་ཚད་ལས་བརྒལ་ཡོད་མི་དང་ ལ་ལུ་ཅིག་ནང་ ལས་བྱེདཔ་ལང་མ་ཚུགས་པའི་གནད་དོན་ཚུ་ བྱུང་སྟེ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་སྙན་ཞུ་ནང་ འབྲེལ་གནད་ཅན་གྱི་ དབང་འཛིན་ཚུ་གིས་ ལམ་སྟོན་ཚུ་ ག་དེ་སྒྲིང་སྒྲི་གཞི་བཟུང་འབད་དགོ་ནི་དང་ དེ་སྦེ་ལག་ལེན་མ་འཐབ་པ་ཅིན་ གནས་སོར་གྱི་སྐབས་ལུ་ ཚུལ་མཐུན་མེད་པར་ སློབ་དཔོན་ཚུ་མེདཔ་ཐལ་བའི་ཁར་ རྒྱལ་ཁབ་ཀྱི་སློབ་དཔོན་ཚུ་ལུ་ ལཱ་གི་འགན་ཁུར་ཚུ་ འདྲ་མཉམ་སྦེ་ འབག་མི་ཚུགས་ནི་མས་ཟེར་ཨིན་པས།
གནད་དོན་གཙོ་བོ་ཅིག་ གནས་སོར་གྱི་གདོང་ལེན་དེ་ ཁྲོམ་དང་ གྲོང་གསེབ་གཉིས་ཀྱི་བར་ན་ཐོན་ཡོདཔ་ད་ མཐའ་ཟུར་ནང་ ཞབས་ཏོག་ཞུ་མི་སློབ་དཔོན་ཚུ་ ལོ་ལས་ལོ་བཅད་དེ་ཕྱག་ཞུ་བའི་ཁར་ སློབ་དཔོན་མང་ཤོས་ཅིག་གནས་སོར་དེ་ མཐའ་ཟུར་ལས་ མཐའ་ཟུར་ཚུ་ནང་མ་གཏོགས་ ཁྲོམ་གྱི་སློབ་གྲྭ་ཚུ་ནང་ གནས་སོར་འོང་ཐབས་མེདཔ་སྦེ་ ལུས་ཏེ་འདུག་ཟེར་ཨིན་པས།
ད་ལྟོའི་ གནས་སོར་ལག་ལེན་དེ་ འདྲ་མཉམ་མེདཔ་ད་ སྤ་རོའི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ ཞུ་མིའི་ནང་ སྒྲིག་གཞི་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཧིང་སངས་ས་སྦེ་ བཟོ་ཡོད་རུང་ ལག་ལེན་ཚུ་ ཚུལ་མཐུན་མ་འབད་བས་ཟེར་ཨིནམ་ད་ གནས་སོར་གྱི་ཁྱད་ཚད་དེ་ཡང་ ཁྲོམ་ཁ་དང་ གྲོང་གསེབ་གཉིས་ཀྱི་བར་ ཁྱད་པར་ཡོདཔ་སྦེ་ དགོཔ་འདུག་ཟེར་ཞུ་ཡི།
སློབ་དཔོན་ལ་ལུ་ཅིག་གིས་ མཐའ་ཟུར་གྱི་སློབ་གྲྭ་ནང་ ཞབས་ཏོག་ཞུ་སྟེ་ ལོ་༣༠ ལང་ཡོདཔ་ད་ སློབ་དཔོན་ལ་ལུ་ཅིག་ ཁྲོམ་སྡེའི་ནང་སྡོད་དེ་ སྐྱིད་ཉམས་སྐྱོང་སྟེ་ འདུག་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ མཐའ་ཟུར་ཚུ་ནང་ ཕྱག་ཞུ་མི་སློབ་དཔོན་ཚུ་ལུ་ རྒུད་འཐུས་དང་འདྲཝ་སྦེ་ ཁེ་འཐུས་ཐེབས་ བྱིན་དགོཔ་འདུག་ཟེར་ཨིན་པས།
དབང་འདུས་འཐུས་མི་ ཕུརཔ་རྡོ་རྗེ་གིས་ ཞུ་མིའི་ནང་ རྒྱལ་གཞུང་ཞི་གཡོ་ལྷན་ཚོགས་ཀྱིས་ རྫོང་ཁག་ལུ་ གནས་སོར་གཏང་ནིའི་ནང་ དབང་ཚད་དེ་ཅིག་ར་མེདཔ་ལས་ བར་ཞུགས་འབད་དགོཔ་འདུག་ཟེར་ཨིན་པས།
དེ་ལས་ གནས་སོར་གཏང་ནི་དེ་ཡང་ སློབ་དུས་མཇུག་བསྡུ་ཞིནམ་ལས་དང་ ཡང་ཅིན་ སློབ་དུས་འགོ་མ་བཙུགས་པའི་ཧེ་མར་ འབད་དགོཔ་འདུག་ཟེར་ བཀོད་མི་དེ་ཡང་ གནས་སོར་ལུ་བརྟེན་ ཨ་ལུ་ཚུ་གི་ སློབ་སྟོན་ལུ་ ཐོ་མ་ཕོག་ནི་གི་དོན་ལུ་ ཨིན་ཟེར་ཨིན་པས།
འཐུས་མི་ལ་ལུ་ཅིག་གིས་ ཞུ་མིའི་ནང་ གནས་སོར་ཚུ་ རང་གི་ངོ་ཤེས་འདྲིས་ཤེས་དང་འཁྲིལ་ ཆགས་དང་ཕྱོགས་རིས་ཕྱེ་ཡོདཔ་སྦེ་ཨིནམ་ད་ འདི་བཟུམ་གྱི་ ལག་ལེན་དེ་གིས་ ངན་ལྷད་དང་ དྲང་བདེན་མེད་པའི་ རྟགས་མཚན་སྟོནམ་མས་ཟེར་ཨིན་པས།
འཐུས་མི་ལ་ལུ་ཅིག་གིས་ སྒྲིག་གཞི་འདི་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་པའི་ཁར་ ལས་སྡེ་ཚུ་གིས་ ལྟ་རྟོག་ཚུ་ འབད་དགོཔ་གལ་ཆེ་བས་ཟེར་ཨིན་པས།
གནས་སོར་གྱི་ གནད་དོན་ཚུལ་མཐུན་མ་སོང་བར་ཡོད་མི་དེ་ གཙོ་བོ་ར་ ཚོགས་ཆུང་གིས་འབད་བ་ཅིན་ འབྲེལ་གནད་ཅན་གྱི་ ལས་སྡེ་ཚུ་གིས་ ལྟ་རྟོག་ལེགས་ཤོམ་མ་འབད་བའི་ འཐུས་ཤོར་ཨིན་ཟེར་ཨིན་པས།
སློབ་དཔོན་གྱི་ གོ་གནས་ཡར་སེང་དང་ གནད་དོན་གཞན་ཚུ་གི་སྐོར་ལས་ ཚོགས་ཆུང་གིས་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ ད་ལྟོའི་གནད་དོན་ཚུ་ ཚུལ་ལྡན་དང་ སྒྲིང་སྒྲི་བཟོ་དགོ་པའི་ ཞུ་བ་འབད་ཡོདཔ་ད་ གོ་གནས་ཡར་སེང་གྱི་ བྱ་རིམ་ནང་ གནད་དོན་ལ་ལུ་ཅིག་ ཧེ་མ་གི་ཨིན་པའི་ཁར་ དྲང་བདེན་ཡང་མིན་ནུག་ཟེར་ཨིན་པས།
འདི་བཟུམ་གྱི་ དཀའ་ངལ་ཡོད་ལུགས་ཚུ་ ཧེ་མའི་སྐབས་ལུ་ཡང་ ཐོན་ཡོདཔ་བཞིན་དུ་ ཤེས་རིག་ལྷན་ཁག་གི་ འགོ་དཔོན་གྱིས་འབད་བ་ཅིན་ གོ་གནས་ཡར་སེང་གི་གནད་དོན་དེ་ དཀའ་ངལ་ཅན་ཅིག་ཨིནརུང་ འདི་ལུ་ བསྒྱུར་བཅོས་ཚུ་ འགྱོ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།