༉ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་མང་ཤོས་ཅིག་གིས་ འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་འཕྲི་སྣོན་དཔྱད་ཡིག་༢༠༢༤ ཅན་མ་ལུ་ རྒྱབ་སྐྱོར་འབད་དེ་ དཔྱད་ཡིག་གི་དོན་ཚན་༡༥༩ ལས་༡༥༧ འཕྲི་སྣོན་འབད་དེ་ དོན་ཚན་གསརཔ་༤ ལས་༣ ཆ་འཇོག་འབད་ནུག།
གདམ་ཁ་ཅན་གྱི་འཁོན་འདུམ་བཅའ་ཁྲིམས་༢༠༡༣ ཅན་མ་དེ་ ཁྲིམས་བཟོ་ལས་དོན་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་དེ་ དཔྱད་ཡིག་དོན་ཚན་༡༨༢ ལས་༡༥༩ འཕྲི་སྣོན་དང་ དོན་ཚན་༢༣ རང་འཇགས་ དེ་ལས་ གདམ་ཁ་ཅན་གྱི་འཁོན་འདུམ་འཕྲི་སྣོན་དཔྱད་ཡིག་༢༠༢༤ ནང་ དོན་ཚན་གསརཔ་༤ བཙུགས་དགོ་པའི་ གྲོས་འདེབས་ཕུལ་ནུག།
གདམ་ཁ་ཅན་གྱི་འཁོན་འདུམ་ཟེར་མི་དེ་ ཁྲིམས་གཏུགས་མ་འབད་བར་ རྩོད་གཞི་སེལ་ཐབས་ལུ་ བར་འདུམ་དང་ ཡང་ཅིན་ ནང་འགྲིགས་བཟུམ་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་མི་ལུ་ སླབ་ཨིན་པས།
ད་རེས་ གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བ་དེ་ ལྕང་ཟམ་ཏོག་ལུ་ཡོདཔ་ཨིན་པས།
གདམ་ཁ་ཅན་གྱི་འཁོན་འདུམ་འཕྲི་སྣོན་དཔྱད་ཡིག་དེ་ ངོ་སྤྲོད་འབད་བའི་སྐབས་ ཁྲིམས་བཟོ་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་ གསར་སྤང་གི་འཐུས་མི་ པདྨ་བཀྲིས་ཀྱིས་ ཞུ་མིའི་ནང་ ནང་འགྲིག་འབད་ནི་ནང་ གདོང་ལེན་ཚུ་ སེལ་ཐབས་འབད་ནི་དང་ བྱ་རིམ་ཚུ་ མཐུན་སྒྲིག་བཟོ་ནི་ དེ་ལས་ ནང་འགྲིག་འབད་མི་གི་ ལྕོགས་གྲུབ་ངེས་གཏན་བཟོ་ནི་ དེ་ལས་ ཁྲིམས་ཀྱི་བསྐྱར་ཞིབ་ཚུ་ མར་ཕབ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ དཔྱད་ཡིག་གིས་ འབྲུག་ལུ་ རྒྱལ་སྤྱི་ཚོང་འབྲེལ་ནང་འགྲིག་གི་ཁྲིམས་ལུགས་དང་ དེ་གི་ གཞི་བཀོད་ཚུ་ རིམ་སྒྲིག་སྟེ་ བློ་གཏད་ཅན་གྱི་ རྒྱལ་སྤྱིའི་ནང་འགྲིག་ལྟེ་བ་ཅིག་ བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པའི་ཁར་ རྒྱལ་སྤྱི་མ་རྩ་གཞི་བཙུགས་འབད་མི་ཚུ་གིས་ཡང་ རྒྱལ་ཁབ་ཀྱི་ གདམ་ཁ་ཅན་གྱི་འཁོན་འདུམ་ལམ་ལུགས་ལུ་ ཡིད་ཆེས་བསྐྱེད་ཚུགས་འོང་ཟེར་ཨིན་པས།
དཔྱད་ཡིག་གི་དོན་ཚན་གསརཔ་༤ ཡང་ ལིའུ་དང་པ་ དོན་ཚན་༢༡(ཀ) ནང་ བཙུགས་ཡོདཔ་བཞིན་དུ་ དོན་ཚན་དང་འཁྲིལ་བ་ཅིན་ གཞུང་གིས་ གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བ་དེ་ ཡུན་བརྟན་སྦེ་ གནས་ཐབས་ལུ་ འཆར་དངུལ་ལངམ་སྦེ་ བྱིན་དགོཔ་སྦེ་ཨིན་པས།
གནད་དོན་དེ་ལུ་ བཀྲིས་སྒང་གི་འཐུས་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ ཞུ་མིའི་ནང་ ལྟེ་བ་དེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་སྦེ་ འོང་དགོ་ནི་ཨིན་རུང་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་ཚུ་ གཞུང་གི་འབད་དོ་ཡོདཔ་ལས་ དེ་གི་ རང་དབང་ལུ་ དྲི་དཔྱད་འབད་དགོཔ་ འདུག་ཟེར་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་གྱིས་ ལྟེ་བ་དེ་ ད་རེས་ མ་དངུལ་རྩ་བརྟན་མེདཔ་ད་ སྐབས་གཅིག་གི་དོན་ལུ་ གཞུང་གི་མ་དངུལ་རྒྱབ་སྐྱོར་འབད་མི་རྐྱངམ་གཅིག་གི་ གནད་དོན་སེལ་ཐབས་འབད་ཚུགས་པས་ཟེར་ཨིན་པས།
ལེའུ་༣ པ་ དོན་ཚན་(༤༤) དང་འཁྲིལ་བ་ཅིན་ བཅའ་ཁྲིམས་དེའི་དགོངས་དོན་དང་འཁྲིལ་ ནང་འཁོད་པ་འདུམ་གཅོད་ཆ་མཉམ་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་ལྟེ་བ་གིས་ འགོ་འདྲེན་འཐབ་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ལེའུ་༨ པའི་ དོན་ཚན་༡༣༤(ཀ) པའི་ནང་ ནང་འཁོད་པ་འདུམ་གཅོད་ཀྱི་ཐད་ གྲོས་ཆོད་མ་བཏོན་པའི་ཧེ་མ་ ལྟེ་བ་གིས་ གྲོས་ཆོད་ཟིན་བྲིས་དེ་ ཞིབ་དཔྱད་འབད་དེ་ བསམ་འཆར་ཚུ་ འཁོད་པ་འདུམ་གཅོད་པ་ཚུ་གིས་ བརྩི་འཇོག་འབད་ནི་ རང་དབང་ཡོདཔ་ད་ ལེའུ་༡༠ པའི་ དོན་ཚན་༡༥༡(ཀ) པའི་ནང་ ནང་འཁོད་འཁོན་པ་འདུམ་གཅོད་ཀྱི་ གྲོས་ཆོད་ལུ་ མཐོ་གཏུགས་འབད་ཆོག་ནི་ཨིན་པས།
ཨིན་རུང་ འཐུས་མི་ཚུ་གིས་ དོན་ཚན་༥ དང་༡༤ དེ་ལས་ དོན་ཚན་༢༡ པའི་ དོན་ཚན་གསརཔ་ལུ་ ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ སངས་རྒྱས་རྡོ་རྗེ་གིས་ ཚོགས་ཆུང་ལུ་ ཚ་གྱང་བཤད་མི་ འཐུས་མི་ཚུ་ གྲོས་བསྟུན་འབད་ཐོག་ལ་ དོན་ཚན་ཚུ་ ལོག་བསྐྱར་ཞིབ་འབད་དགོཔའི་ བཀའ་རྒྱ་གནང་ཡོདཔ་ད་ དཔྱད་ཡིག་དེ་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ ཆ་འཇོག་འབད་ནི་ཨིན་པས།
དོན་ཚན་༥ ནང་ གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བའི་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་ཚུ་ཡོདཔ་ད་ གདམ་ཁ་ཅན་གྱི་འཁོན་འདུམ་བཅའ་ཁྲིམས་༢༠༡༣ ཅན་མ་དང་འཁྲིལ་བ་ཅིན་ ལྟེ་བའི་འགོ་འཛིན་པ་དེ་ བདག་སྐྱོང་གཙོ་འཛིན་ཨིན་རུང་ ཚོགས་ཆུང་གིས་ ལྟེ་བའི་འགོ་འཛིན་པ་དེ་ ཡོངས་ཁྱབ་དྲུང་ཆེན་ལུ་ འཕྲི་སྣོན་འབད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་གྱིས་ འཛམ་གླིང་གནས་སྟངས་དང་འཁྲིལ་ཏེ་ ལྟེ་བའི་འགོ་འཛིན་པ་དེ་ ཡོངས་ཁྱབ་དྲུང་ཆེན་སྦེ་ འོས་འབབ་ཡོདཔ་ད་ བདག་སྐྱོང་གཙོ་འཛིན་དེ་ ཞི་གཡོག་པའི་གནས་རིམ་བཟུམ་སྦེ་ མངོན་གསལ་བྱུང་མས་ཟེར་ཨིན་པས།
འཐུས་མི་ཚུ་གིས་ ལྟེ་བའི་འགོ་འཛིན་པ་དེ་ ཉུང་ཤོས་ར་ གཙུག་ལག་གོང་འཕེལ་ཤེས་ཡོན་ཡོད་མི་དང་ ལྟེ་བའི་བཀོད་ཚོགས་ཅིག་ གཞི་བཙུགས་འབད་དགོཔ་བཞིན་དུ་ ལཱ་གཡོག་གོ་སྐབས་ འདྲ་མཉམ་བྱིན་ཐབས་ལུ་ ལས་བྱེདཔ་ཚུ་ཡང་ རྒྱབ་རྟེན་ཤེས་ཡོན་སྣ་མང་སྦེ་ བཙུགས་དགོ་པའི་ བསམ་འཆར་བཀོད་ཡོདཔ་ཨིན་པས།
གདམ་ཁ་ཅན་གྱི་འཁོན་འདུམ་བཅའ་ཁྲིམས་༢༠༡༣ ཅན་མའི་དོན་ཚན་༡༤ དང་འཁྲིལ་བ་ཅིན་ ལྟེ་བའི་དོན་ལུ་བསྐོ་བཞག་གྲུབ་པའི་ བདག་སྐྱོང་གཙོ་འཛིན་དང་ ལས་བྱེདཔ་ཞི་ གཡོགཔ་ཨིན་མི་ཚུ་ ཞི་གཡོག་ནང་ལས་དགོངས་ཞུ་འབད་དགོཔ་ཨིན་པས།
ཨིན་རུང་ ཚོགས་ཆུང་གིས་ དོན་ཚན་ག་རའི་ དོན་དག་ཚུ་ བསྒྱུར་བཅོས་མེད་པར་ རང་འཇགས་བཞག་སྟེ་ བདག་སྐྱོང་གཙོ་འཛིན་ལས་ ཡོངས་ཁྱབ་དྲུང་ཆེན་སྦེ་ འཕྲི་སྣོན་འབད་ཡོདཔ་ཨིན་པས།
འཐུས་མི་ལ་ལོ་ཅིག་གིས་ ལྟེ་བ་དེ་ གོང་འཕེལ་མ་འགྱོ་བར་དང་ འཆར་དངུལ་ལུ་བརྟེན་ མི་སྟོབས་ཚུ་ རྒྱུན་སྐྱོང་འཐབ་མ་ཚུགས་པར་ཡོདཔ་ལས་ དོན་ཚན་༡༤ པའི་གུ་ ལེགས་ཤོམ་སྦེ་ གྲོས་བསྡུར་འབད་དགོཔ་ འདུག་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ གཞུང་གིས་ ལྟེ་བ་ལུ་ མི་སྟོབས་ཚུ་ བགོ་བཀྲམ་འབད་དོ་ཡོདཔ་ད་ གལ་སྲིད་ ལྟེ་བ་ལུ་ འཛུལ་བཞུགས་འབད་ནིའི་དོན་ལུ་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་ནི་གི་ དབང་ཆ་བྱིན་པ་ཅིན་ ལྟེ་བའི་ནང་ འཛུལ་ཞུགས་འབད་ནི་ལུ་ སེམས་ཤུགས་མར་མཉམ་འགྱོ་འོང་ཟེར་ འཐུས་མི་ཅིག་གིས་ ཞུ་ཡི།
དཔྱད་ཡིག་གསུང་གྲོས་སྐབས་ འཐུས་མི་ཚུ་གིས་ ལྟེ་བ་ལུ་ རང་དབང་དང་ དྭངས་གསལ་ དེ་ལས་ འགན་ཁྲི་མེད་པའི་སྐོར་ལས་ བཤད་ཡོདཔ་བཞིན་དུ་ ལྟེ་བའི་འགོ་འཛིན་དེ་ ད་ལྟོ་བར་ནང་ཡང་ རྒྱལ་ཡོངས་ཁྲིམས་དོན་ལྷན་ཚོགས་ཀྱིས་ བསྐོ་བཞག་གནང་སྟེ་ འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བ་དེ་ ཁག་འབགཔ་ཚུ་གི་དོན་ལུ་རྐྱངམ་གཅིག་ཨིནམ་སྦེ་ ཧ་གོ་སྟེ་ཡོདཔ་ལས་ དེ་ཚུ་ཡང་ སེལ་ཐབས་འབད་དགོཔ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ དོན་ཚན་༥༧ འཕྲི་སྣོན་འབད་ཡོདཔ་ད་ གདམ་ཁ་ཅན་གྱི་འཁོན་འདུམ་བཅའ་ཁྲིམས་༢༠༡༣ ཅན་མ་དང་འཁྲིལ་བ་ཅིན་ རྩ་ཕན་ཚུ་གིས་ ནང་འགྲིག་འཆམ་ཁ་བཟོ་མི་ཚུ་ བསྐོ་བཞག་གྲུབ་པའི་ཤུལ་ལས་ གལ་སྲིད་ ནང་འགྲིག་འཆམ་ཁ་བཟོ་མི་དེ་ཚུ་གིས་ རང་སོའི་བསྐོ་བཞག་ལས་ ཡིག་ཚང་དུས་ཚོད་ཀྱི་ཉིན་གྲངས་སུམ་ཅུའི་ནང་འཁོད་ ནང་འགྲིག་འཆམ་ཁའི་ཁྲིམས་ཞིབ་ ཚོགས་སྡེའི་ཁྲི་འཛིན་ བསྐོ་བཞག་གི་སྐོར་ལས་ རྩ་ཕན་ཚུ་ལུ་ བརྡ་དོན་མ་སྤྲོད་པ་ ཅིན་ ལྟེ་བ་གིས་ རྩ་ཕན་ཅིག་ལས་ ཞུ་བ་ལྟར་ ནང་འགྲིག་འཆམ་ཁའི་ཁྲིམས་ཞིབ་ ཚོགས་སྡེའི་ཁྲི་འཛིན་ བསྐོ་བཞག་འབད་དགོ་ཟེར་ཨིན་པས།
བསྐྱར་ཞིབ་ཚོགས་ཁང་གིས་ དུས་ཚོད་ཁར་ ཞབས་ཏོག་བྱིན་ནི་ལུ་ དུས་ཚོད་དེ་ ཉིན་གྲངས་༣༠ ལས་༡༥ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བ་ གཞི་བཙུགས་འབད་བའི་ཤུལ་ལས་ ལྟེ་བ་གིས་ རྩོད་གཞི་༢༧༧ འཛིན་སྐྱོང་འཐབ་མི་ལས་ མང་ཤོས་ར་ ཁག་འབགཔ་ཚུ་ཨིནམ་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༥ བསྡུ་ལེན་འབད་ཚུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement