༉ རྒྱལ་ཡོངས་ཚོགས་སྡེའི་ནང་ འཆར་གཞི་༡༣ པའི་ འཆར་གཞི་ཚུ་གི་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ འཇོན་ཐངས་ཡར་དྲག་གཏང་ནིའི་དོན་ལུ་ བསྐྱར་ཞིབ་ཚོགས་ཁང་གི་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ ཁག་ཆེ་བའི་ དམིགས་བསལ་གྱི་ གྲོས་འདེབས་༤ དང་ སྤྱིར་བཏང་གི་ གྲོས་འདེབས་༡ ཕུལ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཚོགས་ཆུང་གི་ཁྲི་འཛིན་ བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ ཚེ་དབང་རིན་ཆེན་གྱིས་ ཚོགས་ཁང་ནང་ ཚོགས་ཆུང་གི་ ཞིབ་རྟོག་ཚུ་ གསལ་ཞུ་འབད་ཡོདཔ་ད་ འཆར་གཞི་༡༣ པ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འབྱོར་གྱི་ གཞི་རྩ་ལུ་ གཞི་གཞི་སྟེ་ སྤྱི་ལོ་༢༠༣༤ ལུ་ འབྲུག་འདི་ འོང་འབབ་མཐོ་ཤོས་ཀྱི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནི་གི་ དམིགས་གཏད་བསྐྱེད་དེ་ འདུག་ཟེར་ཨིན་པས།
ཨིན་རུང་ འཆར་གཞི་༡༣ པའི་ནང་ གློག་མེ་དང་ ནུས་ཤུས་མ་གཏོགས་ དམིགས་བསལ་དུ་ དཔལ་འབྱོར་སྦོམ་ཚུ་ནང་ ཆད་སྐྱོན་དང་ དྭངས་གསལ་དང་ ཁ་གསལ་ཅིག་ བཀོད་དེ་མིན་འདུག་ཟེར་ ཁྲི་འཛིན་གྱིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཚོགས་ཆུང་གི་ གྲོས་འདེབས་ཚུ་ཡང་ གོང་འཕེལ་ཆ་ཚང་འཆར་གཞི་དང་ དཔལ་འབྱོར་གྱི་ལས་སྡེ་ སོ་ནམ་དང་ ལྟ་བཤལ་ ས་གཏེར་ དེ་ལས་ བཟོ་བཏོན་ཚུ་ནང་ ཐོན་སྐྱེད་བགོ་བཀྲམ་འབད་དགོཔ་སྦེ་ཨིན་པས།
ས་གནས་གཞུང་སྒྲིང་སྒྲི་བཟོ་ཐབས་ལུ་ ཚོགས་ཆུང་གིས་ ས་གནས་གཞུང་ནང་ མི་སྟོབས་ཀྱི་ ས་སྟོང་ཐོན་མི་ དུས་ཅི་ སྤྱི་ཟླ་༡༢ པའི་ ནང་འཁོད་ལུ་ ག་ར་བསུབ་དགོཔ་དེ་ཡང་ ཞབས་ཏོག་སྐྱེལ་སྤྲོད་དང་ ལུང་ཕྱོགས་གོང་འཕེལ་གཏང་ཐབས་ལུ་ཨིན་པས།
གཏན་འཇགས་ཚོགས་ཁང་གི་ འཐུས་མི་ཚུ་གིས་ ཞུ་མིའི་ནང་ ས་གནས་གཞུང་ནང་ ཁག་ཆེ་བའི་མི་སྟོབས་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་པ་ སྒོ་ནོར་ དེ་ལས་ སོ་ནམ་འགོ་དཔོན་ཚུ་མེད་རུང་ འཆར་དངུལ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
ཚོགས་ཆུང་གིས་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་ངེས་བརྟན་བཟོ་ཐབས་ལུ་ ཐོན་སྐྱེད་བགོ་བཀྲམ་ལམ་ལུགས་དང་ ལུང་ཕྱོགས་ནང་ དཀའ་ངལ་སེལ་ཐབས་ལུ་ ཉུང་མཐའ་གཞི་རྟེན་གཞི་བཀོད་དེ་ བསྐྱར་ཞིབ་འབད་དགོཔ་སྦེ་ གྲོས་འདེབས་བཀོད་ནུག།
ཚེ་དབང་རིན་ཆེན་གྱིས་ ཞུ་མིའི་ནང་ འཆར་གཞི་༡༣ པའི་ ཐོན་སྐྱེད་བགོ་བཀྲམ་དེ་ རྫོང་ཁག་དང་ རྒེད་འོག་ དེ་ལས་ ཁྲོམ་སྡེ་ཚུ་ནང་ མ་འདྲཝ་སྦེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ ཉུང་མཐའི་གཞི་རྟེན་ འཁོར་ལམ་དང་ གློག་མེ་ དེ་ལས་ ཆུ་ལ་སོགས་པ་ཚུ་ལུ་ ངོས་འབད་དགོཔ་འདུག་ཟེར་ཨིན་པས།
འཆར་གཞི་༡༣ པའི་ནང་ ཐོན་སྐྱེད་བགོ་བཀྲམ་གཞི་བཀོད་དེ་ རྫོང་ཁག་ཚུ་གི་དོན་ལུ་ ཚད་གཞི་༣ ཡོད་མི་དེ་ མི་རློབས་ལས་བརྒྱ་ཆ་༢༥ དང་ བརྒྱ་ཆ་༡༠ ས་ཁམས་གནས་སྟངས་ དེ་ལས་ བརྒྱ་ཆ་༦༥ དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་སྒྱུར་ཨང་སྦེ་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
རྒེད་འོག་ཚུ་གི་དོན་ལུ་ ཚད་གཞི་༦ ཡོདཔ་ད་ དེ་ཡང་ བརྒྱ་ཆ་༢༠ ས་གནས་ནང་སྡོད་མི་གི་ མི་རློབས་དང་ བརྒྱ་ཆ་༡༠ ས་ཁམས་ཀྱི་གནས་སྟངས་ དེ་ལས་ བརྒྱ་ཆ་༢༥ དབུལ་ཕོངས་བགོ་བཀྲམ་དང་ བརྒྱ་ཆ་༡༥ རེ་ གནམ་གཤིས་འགྱུར་བགྲོད་དབྱེ་ཞིབ་སྒྱུར་ཨང་དང་ ལ་ཡོངས་དགའ་སྐྱིད་དཔལ་འཛོམས་སྒྱུར་ཨང་ དེ་ལས་ སྐྱེལ་འདྲེན་སྒྱུར་ཨང་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ཁྲོམ་སྡེའི་ཐད་ཁར་ མི་རློབས་བརྒྱ་ཆ་༡༠ དང་ ས་ཁམས་གནས་སྟངས་བརྒྱ་ཆ་༢༠ དེལས་ བརྒྱ་ཆ་༡༠ དབུལ་ཕོངས་བགོ་བཀྲམ་དང་ གནམ་གཤིས་འགྱུར་བགྲོད་དབྱེ་ཞིབ་སྒྱུར་ཨང་དང་ ལ་ཡོངས་དགའ་སྐྱིད་དཔལ་འཛོམས་སྒྱུར་ཨང་ དེ་ལས་ སྐྱེལ་འདྲེན་སྒྱུར་ཨང་ཚུ་ ཚུད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཚོགས་ཆུང་གིས་ བུ་ལོན་གི་ཉེན་ཁ་དང་ ནང་འཁོད་འོང་འབབ་ཀྱིས་ བདའ་ཟུན་ཚུགས་བཟོ་ཐབས་ལུ་ དུས་ཚོད་ཁར་ གློག་མེ་ལས་འགུལ་ཚུ་ མཇུག་བསྡུ་དགོ་པའི་ གྲོ་འདེབས་བཀོད་དེ་ ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་གིས་ རྩ་ཁྲིམས་ཆེན་མོའི་དགོས་མཁོ་གྲུབ་ཐབས་ལུ་ རྒྱལ་སྤྱི་ཕྱི་དངུལ་ཟུར་གསོག་ཚུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་དགོཔ་འདུག་ཟེར་ཞུ་ཡི།
དེ་ལས་ ཚོགས་ཆུང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡༥ དེ་ དྭངས་སེལ་དང་ འགན་འཁྲི་ དཔལ་འབྱོར་ལུ་ ཁེ་ཕན་ལྟ་རྟོག༌ལྷན་ཐབས་ལུ་ གཅིག་སྒྲིལ་འབད་དགོ་པའི་ གྲོས་འདེབས་ཡང་ བཀོད་དེ་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ མ་དངུལ་ཐོབ་ཚུགས་ནི་དང་ སྒེར་སྡེ་གོང་འཕེལ་ ཨིསི་ཊེམ་ཤེས་ཡོན་ དེ་ལས་ སློབ་གྲྭ་ལྟེ་བའི་ཚུ་ནང་ འཆར་དངུལ་བགོ་བཀྲམ་གྱི་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ཡང་ ཞུ་ཡོདཔ་ཨིན་པས།
འཐུས་མི་མང་ཤོས་ཅིག་གིས་ ཚོགས་ཆུང་གི་ གྲོས་འདེབས་ལུ་ ངོས་ལེན་འབད་ཡོདཔ་ད་ ཨིན་རུང་ གཏན་འཇགས་ཚོགས་ཁང་གིས་ ཚོགས་ཆུང་ལུ་ ས་གནས་གཞུང་ནང་ མི་སྟོབས་བགོ་བཀྲམ་དང་ གློག་མེ་དུས་ཚོད་ཁར་ མཇུག་བསྡུ་ནི་གི་ བསྐྱར་ཞིབ་འབད་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ འཆར་གཞི་༡༣ པ་དེ་ སྤྱི་ཟླ་༧ པའི་ཚེས་༡ ལུ་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་འབད་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement