༉ སྤྱི་ཟླ་༡༡ པའི་ཚེས་༡༤ ལས་འགོ་བཙུགས་མི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་འདུ་ཐེངས་༣༤ པ་དེ་ ཚོགས་སྡེའི་ཁྲི་འཛིན་ སངས་རྒྱས་རྡོ་རྗེ་གིས་ འགོ་ཁྲིད་ཐོག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཞབས་བརྟན་ཕུལ་ཐོག་ལས་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
ཁྲི་འཛིན་སངས་རྒྱས་རྡོ་རྗེ་གིས་ ཚོགས་ཁང་ནང་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ ཁོ་ན་ལུ་གཟིགས་ཏེ་ ཕྱག་ལཱ་མཛད་གནང་མི་ལུ་ བཀྲིན་དགའ་ཚོར་གྱི་ གསལ་ཞུ་ཕུལ་ཡོདཔ་ཨིན་པས།
མཇུག་བསྡུའི་གསལ་བཤད་སྐབས་ གཙོ་རིམ་ཅན་གྱི་གནད་དོན་ཅིག་དེ་ མི་དབང་མངའ་ཞབས་མཆོག་གི་དགོངས་གཏེར་དེ་ རྒྱལ་སྲུང་ལས་རིམ་ཨིན་ཟེར་ ཞུ་བའི་ཁར་ རྒྱལ་སྲུང་ལས་རིམ་ཐེངས་དང་པའི་ནང་ ན་གཞོན་༢,༠༠༡ གིས་ རྒྱལ་སྲུང་སློབ་སྦྱོང་ལྟེ་བ་ཁག་༤ ལས་ དཀའ་ངལ་ཚུ་ ག་ནི་ཡང་མེད་པར་ མཇུག་བསྡུ་ཡོདཔ་ལས་ འདི་ཚུ་ག་ར་ གསེར་ཁྲི་གུ་ལས་གནང་མའི་ གསོལ་རས་ཨིན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་དེ་གིས་ ན་གཞོན་ཚུ་ལུ་ སེམས་ཁམས་དང་ གཟུགས་ཁམས་གཉིས་ཆ་ར་ལུ་ ཁེ་ཕན་བྱུང་བའི་ཁར་ རྒྱལ་ཁབ་ཀྱི་དོན་ལུ་ མ་འོངས་པའི་ ལམ་ཕྱོགས་བཟང་བའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།
ཁྲི་འཛིན་གྱིས་ རྒྱལ་ཁབ་དང་ སེམས་ཅན་གྱི་མཐའ་དོན་ལུ་ ཆོས་ཕྱོགས་ཀྱི་ལས་རིམ་སྒྲིག་གནང་མི་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དང་ རིན་པོ་ཆེ་ བླམ་ སྤྲུལ་སྐུ་ འཕགས་པའི་དགེ་འདུནམ་ དེ་ལས་ ཨ་ནེམོ་ཚུ་ལུ་ བཀྲིན་ལེགས་སོ་ཞུ་ཡོདཔ་ཨིན་པས།
ཚོགས་འདུ་ཐེངས་༣༤ པའི་སྐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་དཔྱད་ཡིག་༢༠༢༤ ཅན་མ་དང་ ནོར་ཁྲལ་དཔྱད་ཡིག་༢༠༢༤ ཅན་མ་ རྩོད་རྙོག་འདུམ་འགྲིགས་དཔྱད་ཡིག་ དེ་ལས་ འབྲུག་དང་ ཀུ་ཝེཊ་གཞུང་གཉིས་ཀྱི་བར་ན་ མཁའ་འགྲུལ་ཞབས་ཏོག་གན་ཡིག་ཚུ་ ཆ་འཇོག་གནང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་གྲོང་གསེབ་བུ་ལོན་གྱི་སྙན་ཞུ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༢༣-༢༠༢༤ ཅན་མ་ དེ་ལས་ རྒྱལ་ཁམས་ཀྱི་བརྡ་བརྒྱུད་ ཤེས་རིག་དང་འབྲེལ་བའི་ ཁྲིམས་དོན་སྙན་ཞུ་ བསྐྱར་ཞིབ་འབད་མི་ཚུ་ ཆ་འཇོག་གནང་ཡོདཔ་ཨིན་པས།
དེ་འབདཝ་ད་ ཚོགས་ཁང་གིས་ གཉེན་སྦྱོར་གྱི་དཔྱད་ཡིག་༢༠༢༤ ཅན་མ་དེ་ ཕྱིར་འབུད་བཏང་ཡོདཔ་ད་ དེ་ཡང་ སྤྱི་ཚོགས་༤ པའི་ཚོགས་ཐེངས་དང་པའི་སྐབས་ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ གསུང་གྲོས་གནང་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ བསྐྱར་ཞིབ་ཀྱི་དོན་ལུ་ ཕུལ་ཡོདཔ་ཨིན་པས།
ཚོགས་ཐེངས་༣༣ པའི་གྲོས་ཆོད་ཚུ་ལུ་ དུས་མཐུན་འབད་བའི་ཁར་ ས་སྟོང་དང་ གུང་སྟོང་གི་བསྐྱར་ཞིབ་སྙན་ཞུ་ རི་དྭགས་སེམས་ཅན་དང་ སོ་ནམ་པའི་བར་ནང་བྲེལ་ཟིང་ ལོ་ཐོག་ཚུ་རང་བཞིན་རྐྱེན་ངན་གྱིས་ གནོད་པ་རྐྱབ་མི་ཚུ་ལུ་ རྒུད་འཐུས་ཚུ་གི་སྐོར་ལས་ འཐུས་མི་ཚུ་གིས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
དེ་ལས་ རྒྱལ་ཁམས་ཀྱི་ ལྟ་བཤལ་སྙན་ཞུ་ཚུ་ཡང་ ཚོགས་ཁང་ནང་ གསལ་ཞུ་ཕུལ་ཡོདཔ་ད་ ཚོགས་ཁང་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་དང་གཅིག་ཁར་ དྲི་བ་དྲིས་ལན་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ལུ་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ས་ཡ་༩ ཚུལ་མིན་སྤྱོད་པའི་སྙན་ཞུ་སྐོར་ལས་ དྲི་བཀོད་འབད་ཡོདཔ་ད་ ལྷན་ཁག་གིས་ ལྟ་རྟོག་རིམ་ལུགས་ནང་ འཐུས་ཤོར་ཡོད་མི་དང་ མ་འོངས་པའི་དངུལ་འབྲེལ་ནང་ ཚུལ་མིན་སྔོན་འགོག་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལྕོགས་གྲུབ་ཅན་ བཟོ་ནི་ཚུ་ཡོདཔ་སྦེ་ གསལ་ཞུ་འབད་ཡོདཔ་ཨིན་པས།
བློན་པོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༢༢-༢༠༢༣ གྱི་ལོ་བསྟར་སྙན་ཞུ་ནང་ དངུལ་རྩིས་དང་འབྲེལ་བའི་ ཚུལ་མིན་སྤྱོད་པའི་ངན་ལྷད་འཐབ་མི་ གནད་དོན་ཁག་༡༣ ཡོདཔ་སྦེ་ སྙན་ཞུའི་ནང་ གསལ་བཀོད་འབད་དེ་འདུག་ཟེར་ཨིན་པས།
བློན་པོ་གིས་ ལོག་སྤྱོད་ནང་ དངུལ་འབྲེལ་དང་ལྐོག་ཟ་འབད་བའི་གནད་དོན་ཚུ་ སྔོན་འགོག་འབད་དོན་ལུ་ ཕྱི་ནང་གཉིས་ཆ་ར་ནང་ དངུལ་འབྲེལ་གཙུག་སྡེ་ཚུ་ ལྟ་རྟོག་འབད་དགོཔ་འདུག་ཟེར་ཨིན་པས།
བློན་ཆེན་ལུ་ དཔལ་འབྱོར་ལྷན་ཐབས་འཆར་གཞི་དང་འབྲེལ་བའི་ སྐྱིན་འགྲུལ་བྱིན་ནི་དང་ དེ་གི་དམིགས་ཡུལ་ དེ་ལས་ ཉེན་ཁ་ཡོད་ལུགས་ཚུ་གི་སྐོར་ལས་ དྲིས་བཀོད་འབད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཚོགས་ཁང་ལུ་ སྙན་ཞུ་འབད་མིའི་ནང་ དངུལ་ཀྲམ་ཐེར་འབུམ་༡༥ རྒྱ་གར་གཞུང་གི་རྒྱབ་སྐྱོར་ཐོག་ལས་ རྒྱལ་ཁབ་ལུ་བྱིན་ནི་ཨིནམ་ལས་ ད་ལྟོ་ རྒྱལ་ཁབ་ནང་ དངུལ་ཀྲམ་ཐེར་འབུམ་༥ ལྷོད་དེ་ཡོད་ཟེར་ཨིནམ་ད་ ཁོ་གིས་ བཤད་མིའི་ནང་ དངུལ་འབྲེལ་ཁང་ཚུ་ལུ་ མ་དངུལ་ཚུ་ བགོ་བཀྲམ་འབད་ཞིནམ་ལས་སྐྱིན་འགྲུལ་བྱིན་ཏེ་ ཤུལ་ལས་ སྐྱིན་ཚབ་སྤྲོད་མིའི་ཐད་ལུ་ གཞུང་གིས་ བལྟ་ནི་ཨིན་ཟེར་ཨིན་པས།
སྤྱི་ཚོགས་ལྷན་བཞུགས་སྐབས་ལུ་ དམངས་རྩིས་ཚོགས་ཆུང་གིས་ རྩིས་ཞིབ་གྲུབ་འབྲས་སྙན་ཞུ་ བསྐྱར་ཞིབ་འབད་མི་ཚུ་ གསལ་སྟོན་འབད་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement