༉ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ པདྨ་ཐང་རྒྱལ་སྲུང་སྦྱོང་བརྡར་ལྟེ་བའི་ནང་ རྒྱལ་སྲུང་ཤོ་ཐེངས་དང་པའི་ སྦྱོང་བརྡར་མཇུག་བསྡུ་མི་ཚུ་གིས་ རྒྱལ་རབས་ཅན་གྱི་ སྦྱོང་བརྡར་མཐར་འཁྱོལ་དུས་སྟོན་ བརྩི་སྲུང་འབད་ཡོདཔ་ཨིན་པས།
པདྨ་ཐང་རྒྱལ་སྲུང་སྦྱོང་བརྡར་ལྟེ་བའི་ དུས་སྟོན་བརྩི་སྲུང་ནང་ མི་དབང་རྒྱལ་པོའི་སྲསམོ་ བདེ་ཆེན་དབྱངས་འཛོམས་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས།
པདྨ་ཐང་རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་ལས་ རྒྱལ་སྲུང་སྦྱོང་བརྡར་མཇུག་བསྡུ་མི་ སྦྱོང་བརྡར་བ་༥༧༦ ཡོདཔ་ད་ དེ་ཡང་ རྒྱབ་སྐྱོར་འབད་མི་ སྦྱོང་བརྡར་འགོ་དཔོན་༡༨ དང་ སྦྱོང་བརྡར་སློབ་སྟོན་པ་༨༣ ཡོདཔ་ཨིན་པས།
སྐྱེས་ལོ་༡༨ ལང་མི་ རྒྱལ་སྲུངཔ་དམ་ཆོས་ནོར་བུ་གིས་ ཁོ་རའི་ ཉམས་མྱོང་བརྗེ་སོར་འབད་མིའི་ནང་ འདི་བཟུམ་གྱི་ གོ་སྐབས་ཐོབ་མི་དེ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གུས་བཏུད་ཞུ་ཡོདཔ་ཨིན་པས།
དངོས་བསྟར་གྱི་ སྦྱོང་བརྡར་ལས་རིམ་དང་ སྡེ་ཚན་ནང་ལཱ་འབད་མི་ལུ་བརྟེན་ ང་གིས་ ཕན་རླབས་ཅན་དང་ གོང་འཕེལ་ཅན་གྱི་གནད་སྟངས་ཚུ་ ངོས་འཛིན་འབད་ཚུགས་ཅི་ཟེར་ཨིནམ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བློ་གཏད་དང་ དགོངས་བཞེད་ཚུ་གྲུབ་དོན་ལུ་ ང་ར་དང་ བཟའ་ཚང་ཚུ་གི་ཁ་ཐུག་ལས་ སྨོན་འདེབས་དང་བཅས་ རྒྱབ་སྐྱོར་ཕུལཝ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༡༩ ལང་མི་ རྒྱལ་སྲུངཔ་བསོད་ནམས་ཆོས་སྒྲོན་གྱིས་ བཤད་མིའི་ནང་ དངོས་གཟུགས་ཐོག་ སྦྱོང་བརྡར་འབད་ནི་དེ་ འགོ་བཙུགས་པའི་སྐབས་ལུ་ དུམ་གྲ་ཅིག་གདོང་ལེན་ཡོད་རུང་ ཁོང་ལུ་ ལམ་སྟོན་གནང་ནི་དང་ སློབ་སྟོན་པ་དང་ སྦྱོང་བརྡར་འགོ་དཔོན་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།
ང་གིས་ཐོབ་སྟེ་ཡོད་པའི་ རིག་རྩལ་དང་ སྙིང་བཅུད་དེ་ ངེ་གི་མི་ཚེའི་རིང་ལུ་ ང་ར་དང་གཅིག་ཁར་ སྡོད་འོང་ཟེར་ཨིན་པས།
བཀྲིས་དབྱངས་སྒྲོན་གྱིས་འབད་བ་ཅིན་ མོ་གིས་ ཉམས་མྱོང་ཐོབ་མི་ལུ་ སྒྱུར་བ་སྦོམ་ར་སོང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ང་གིས་ དུས་ཡུན་སྐར་མ་༥ འི་རིང་ལུ་ བང་རྒྱུག་འབད་མི་ཚུགས་དོ་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ཀི་ལོ་མི་ཊར་༡༠ དེ་རེ་ བང་རྒྱུག་ནི་ལུ་ དཀའ་ངལ་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ སྦྱོང་བརྡར་དེ་ལུ་བརྟེན་ ངེ་གི་གཟུགས་ཁམས་དང་ སེམས་ཁམས་གཉིས་ཆ་ར་ལུ་ ཕན་ཐོགས་བྱུང་ཡི་ཟེར་ མོ་གིས་བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཁག་ཆེ་བའི་ནམ་དུས་ལུ་ དུས་ནམ་དང་ནམ་ར་འབད་རུང་ རྒྱལ་སྲུངཔ་ཚུ་ འོང་དགོཔ་སྦེ་ བརྡ་བསྐུལ་གནངམ་ཅིག་ དེ་འཕྲོ་ལས་ འཚེར་སྣང་ག་ནི་ཡང་མེད་པར་ འོང་ཆོག་ཆོག་སྦེ་ཡོད་ཟེར་ མོ་གིས་བཤདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ན་གཞོན་ཚུ་ ལྕོགས་གྲུབ་ཅན་གྱི་ མི་ངོམ་བཟོ་ནི་དང་ རྒྱལ་ཡོངས་ཡར་རྒྱས་གཏང་ནི་ལུ་ བཅའ་མར་གཏོགས་བཅུག་སྟེ་ རྒྱལ་ཁབ་ཀྱི་ཉེན་སྲུང་དང་ ཞི་བདེ་ གཅིག་སྒྲིལ་ མཐར་འཁྱོལ་ཅན་གྱི་དོན་ལུ་ རྒྱལ་སྲུང་ཟེར་བའི་ལས་རིམ་དེ་ དགོངས་བཞེད་གནང་ཡོདཔ་ཨིན་པས།
རྒྱལ་སྲུང་སྦྱོང་བརྡར་ཤོ་ཐེངས་དང་པ་དེ་ སྤྱི་ལོ་༢༠༢༤ ཟླ་༩ པའི་ཚེས་༥ ལས་འགོ་བཙུགས་ ཟླཝ་༣ གྱི་རིང་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement