༉ དུས་ཚོད་དང་བསྟུན་པའི་ བྱ་རིམ་མ་འགྲིགསཔ་འདྲཝ་འབད་བ་ཅིན་ དེ་གིས་ ནམ་ཕུག་ལུ་ གནོད་ཉེན་དང་ གྱོང་རྒུད་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ འཕྲལ་གྱི་སྐབས་ལུ་ མངོན་གསལ་མི་འབྱུང་ནི་ཨིན་རུང་ ཤུལ་ལས་འགྲོས་ཀྱིས་འབད་ དངོས་བསྟར་ལུ་འཐོན་འོང་བའི་བསྒང་ལས་ ཕྱིས་དྲག་པའི་སྐྱོན་མ་གཏོགས་ གཞན་འབད་ཐབས་མི་འོང་ནི་མས།
རྒྱལ་ཁབ་ཀྱི་སྲོག་ཤིང་དེ་ སྲོག་ཤིང་ཨིནམ་མ་ཤེས་པར་ ཆང་བ་ཆུ་ཞིམ་ ཕམ་བ་གཉེན་གདམ་སྟེ་ འབད་བ་ཅིན་ དེ་གིས་ ཀྲག་རྭ་བ་རྐྱབ་ འབྱེམ་སྒྱིད་པར་ཕོག་དོ་བཟུམ་སྦེ་ འགྱོ་འོང།
མ་གཞི་ འཛམ་གླིང་རྒྱལ་ཁབ་གཅིག་གྱུར་ལུ་ གཞི་རྟེན་འབད་དགོ་ནི་དེ་གིས་ རང་གི་མནོ་དོ་བཟུམ་སྦེ་ འབད་ཚུགས་པ་ལུ་ཡང་ ལཱ་ཁག་འདུག་ ཨིན་རུང་ ལམ་སྲོལ་དེ་ ག་ཅི་གི་ཐད་ལས་འབད་རུང་ དྲག་ཤོས་ཅིག་དང་ ཆ་བཞག་ཤོས་ཅིག་ཨིན་པའི་གུ་ ལྷག་པར་དུ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞི་དེ་ སེམས་ལས་ནམ་དང་ནམ་ཡང་ མ་བརྗེད་པར་བཞག་དགོཔ་ཡོད།
ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ གནས་སྟངས་དེ་ ག་ཅི་བཟུམ་ཅིག་ནང་ལས་ཕར་ འགྱོ་དོ་ཡོདཔ་ཨིན་ན་ ག་ར་གིས་ ཤེས་གསལ་ཆེ་ དེ་འབད་ནི་དེ་གིས་ ལམ་མ་འཛོལ་ལ་རྩེ་གུ་ལུ་ཡོདཔ་ལས་ ད་ལྟོ་ལས་ར་ བཅོ་ཁ་རྐྱབ་པ་ཅིན་ ལེགས་ཤོམ་འོང་།
འདས་པའི་གནས་ཚུལ་ཚུ་ནང་ གསལ་བསྒྲགས་འབད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ འབྲུག་པའི་མི་ཁུངས་ཅིག་ཨིན་རུང་ ད་རེས་ནངས་པར་ སློབ་སྦྱོང་འབད་བའི་བསྒང་ཡོད་མི་ སློབ་ཕྲུག་ཨ་ལོ་ཚུ་ སྤྱིར་བཏང་ཆོས་ཚན་ཚུ་ནང་ སྐུགས་ཚད་ལེགས་ཤོམ་ཐོབ་སྟེ་འབདཝ་ད་ རྫོང་ཁའི་ཆོས་ཚན་ནང་ལས་ མཐར་འཁྱོལ་མ་ཚུགསཔ་ལས་ གདོང་ལེན་བྱུང་ཡོད་ཟེར་ གནས་ཚུལ་དང་ ལོ་རྒྱུས་གོཝ་ད་ བློ་ཕམ་སི་སི་ཅིག་ཨིན་མས།
ང་བཅས་འབྲུག་པའི་ མི་ཁུངས་ཨིན་པའི་ཆ་ལས་ ངག་གཤིས་དང་ སློབ་ཚན་ཚུ་ ཧ་ལམ་ཆ་འདྲ་སུ་སྦེ་ ཡོདཔ་མ་ཚད་ ལྷག་པར་དུ་ཡང་ ད་རེས་ནངས་པའི་ རྫོང་ཁའི་སློབ་ཚན་དེ་ ག་ནི་བ་འཇམ་ཏོང་ཏོ་སྦེ་ ཁ་ལས་ག་སླབ་དོ་བཟུམ་སྦེ་ རྫོང་ཁའི་ཡིག་ཐོག་ལུ་ རྩོམ་སྒྲིག་མཁས་པ་ཚུ་གིས་ ཕབ་སྟེ་ཡོདཔ་ལས་ ཆོས་ཚན་ནང་ལས་ མཐར་འཁྱོལ་བྱུང་མ་ཚུགས་པས་ཟེར་སླབ་ད་ རྩ་ལས་ར་ བདེན་ཁུངས་མེདཔ་བཟུམ་སྦེ་ཡང་ ཚོརཝ་མས།
ཕྱོགས་ཅིག་ལས་འབད་བ་ཅིན་ ང་བཅས་རྒྱལ་ཁབ་ནང་ ཕམ་ཚུ་གིས་ རང་གི་ཨ་ལོ་གིས་ ཨིང་སྐད་ཤེསཔ་ད་ རོགས་ཀྱི་སྦུག་ལུ་ དཔའ་ཉམས་བཏོན་སུ་ཅིག་དང་ ཨིང་སྐད་སླབ་མ་ཚུགས་མི་ཚུ་ ཕམ་ཉམ་ཆུང་དང་ ཕམ་ཤེས་ཡོན་མེད་པའི་ཨ་ལོ་ཚུ་ ཨིནམ་སྦེ་ར་ ཆ་གནས་འབད་བའི་ རང་བཞིན་ཅིག་ལུ་གྱུར་མི་གི་ འབྲས་རྟགས་བཟུམ་སྦེ་འདུག།
ཡིག་ཚང་དང་ མི་མང་ག་ཏེ་ལས་ཕར་ ལོ་རྒྱུས་སླབ་རུང་ ངེ་གི་ཨ་ལོ་གིས་ ཨིན་སྐད་ཤེས་ས་ དེ་འབདཝ་ད་ རྫོང་ཁ་དེ་ ལྷག་ར་མི་ཚུགས་པས་ཟེར་ འུར་བྱེལ་འཐབ་ས་མཐོངམ་མས།
འདི་དང་འདྲཝ་སྦེ་ རྒྱལ་ས་ལྟེ་བ་ལུ་ སྒེར་གྱི་སློབ་གྲྭ་ཆུང་བ་ཚུ་ནང་ སློབ་སྦྱོང་འབད་མི་ སློབ་ཕྲུག་ཨ་ལོ་ཚུ་ ཕམ་གྱི་དམིགས་གཏད་དེ་ར་ ཨིན་སྐད་ལེགས་ཤོམ་སྦེ་ སླབ་ཚུགསཔ་བཟོ་ནི་འདི་ཨིནམ་ལས་ སྒེར་གྱི་སློབ་གྲྭ་ནང་ལས་ གཞུང་གི་སློབ་གྲྭ་ནང་ གནས་སོར་འགྱོ་བའི་བསྒང་ལས་ ཨ་ལོ་ཚུ་གིས་ རྫོང་ཁ་དེ་ཅིག་ར་ བྲིས་ལྷག་འབད་མ་ཚུགསཔ་ད་ ཚ་གྱང་ལང་བའི་སྒོ་ལས་ སློབ་དཔོན་དང་ སློབ་གྲྭ་ལུ་ སློབ་སྟོན་ལེགས་ཤོམ་ མི་འབད་བས་ཟེར་ སྐྱོན་བརྗོད་འབད་སྡོདཔ་མས།
ཨ་ལོ་ཚུ་ གཞི་འགྱམ་བཙུགས་པའི་ནམ་དུས་ལུ་ ཕམ་གྱི་བསམ་སྤྱོད་དེ་ ཕྱི་གྱུར་ཡར་སོཔ་འདྲཝ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ སྲོག་ཤིང་གི་ མིང་གཏམ་དེ་ ག་དེ་སྦེ་ ཐོན་ཚུགས་ནི་སྨོ།
གཞན་ཡང་ ཡིག་ཚང་དང་ ལྟེ་བ་ གཙུག་སྡེ་ག་ཏེ་འབད་རུང་ རྫོང་ཁའི་ཐོག་ལུ་ ལཱ་འབད་ནི་དེ་ རྩ་ལས་ར་ སྟབས་མ་བདེཝ་བཟུམ་ཅིག་སྦེ་ རྒྱབ་ཁར་སྐྱུར་ ཨིང་སྐད་ལུ་ར་ གཙོ་རིམ་སྒྲིག་སྟེ་སྡོདཔ་མས།
ལྷག་པར་དུ་ རྒྱལ་ཁབ་ནང་ རྫོང་ཁའི་ཐོག་ལུ་ ལཱ་འབད་མི་ཚུ་ རྩ་བ་ལས་ར་ རམ་འགྱོ་དོ་ཡོད་པའི་ གནས་ཚུལ་ཚུ་ གསལ་སྟོན་འབདཝ་ད་ དེ་གི་འགན་ཁུར་དེ་ ག་ལུ་ཕོགཔ་ཨིན་ན་ ཧ་གོ་དགོཔ་འདུག།
ཕྱི་ཁར་ རྒྱལ་ཁབ་དེ་ ལམ་སྲོལ་གྱི་ཕྱུག་པོའི་རྒྱལ་ཁབ་ཟེར་ དཔའ་ཉམས་བསྐྱེད་ནི་དང་ ནང་ན་ལུ་ སྲོག་ཤིང་དེ་ར་ གཞི་བཟུང་ས་མེདཔ་ཅིག་ལུ་ གྱུར་སོ་པ་ཅིན་ རྒྱལ་ཁབ་དེ་གི་མིང་དོན་ཚུ་ རོགས་རྒྱལ་ཁབ་གཞན་གྱི་གདོང་ཁར་ ངོ་རྟགས་བཏོན་ནི་ མེདཔ་བཟུམ་ཅིག་ལུ་གྱུར་ནི་མས།