༉ ལྟ་བཤལ་ལས་ཁུངས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ དུས་ཅི་ རྒྱལ་སྤྱིའི་ལྟ་བཤལཔ་༡,༠༠༠ལྷགཔ་ཅིག་གིས་ ཐིམ་ཕུག་གི་ ཚེས་བཅུ་མཇལ་བར་ འོང་ཡོདཔ་ཨིན་པས།
འཛམ་གླིང་ནང་ ནད་ཡམས་ཀོ་བིཌ་-༡༩ གི་ཤུལ་ལས་ ལྟ་བཤལ་ཡར་དྲག་སོང་མི་དང་བསྟུན་ འབྲུག་ལུ་ཡང་ ལྟ་བཤལཔ་ཚུ་ ཡར་སེང་འགྱོ་དོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དུས་སྟོན་དེ་ བརྡ་བརྒྱུད་དང་ མི་སྡེ་བརྡ་བརྒྱུད་ཀྱི་ཐོག་ལས་ ཡར་དྲག་གཏང་ནིའི་དོན་ལུ་ ཐབས་ཤེས་བཏོན་ཏེ་ཡོད་ཟེར་ཨིནམ་ད་ འདས་པའི་ལོ་ཚུ་ནང་ ལྟ་བཤལཔ་མང་ཤོས་ཅིག་ར་ ཡུ་རོབ་དང་ ཡུ་ཨེསི་ལས་འོང་ཡོདཔ་ད་ དེ་བཟུམ་སྦེ་ རྒྱ་གར་གྱི་མགྱོནམ་ཡང་ ལེ་ཤ་འོང་ཡི་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པས།
འདས་པའི་ལོ་ནང་ རྒྱལ་ཁབ་མ་འདྲཝ་ཚུ་ལས་ ལྟ་བཤལཔ་༡,༠༠༠ལྷགཔ་ཅིག་གིས་ ཚེས་བཅུ་མཇལ་བར་འོང་ཡོདཔ་ད་ ནད་ཡམས་མ་ཐོན་པའི་ཧེ་མར་ ལྟ་བཤལཔ་༡,༠༠༠དང་༡,༥༠༠གི་བར་ན་ འོང་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ ལོ་གཅིག་ནང་ དུས་རྒྱུན་གྱི་ ཉམས་མྱོང་ལེགས་ཤོམ་བྱིན་ནི་དང་ ངོ་མ་སྦེ་ ལཱ་འབད་ནི་ལུ་ གཙོ་བོར་བཏོན་ཏེ་ ཞབས་ཏོག་གི་གནས་ཚད་མཐོ་དྲགས་སྦེ་ བཞག་ནི་ལུ་ གཙོ་བོར་བཏོན་ཏེ་ཡོད་ཟེར་ ལས་ཁུངས་ཀྱི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
འགོ་དཔོན་དེ་གིས་ ལོ་འདི་ནང་ རང་བཞིན་གྱི་ཉམས་མྱོང་ཚུ་ བྱིན་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ བཤདཔ་ཨིན་པས།
དེ་ཡང་ ལྕོགས་གྲུབ་ཡར་དྲག་གཏང་ནི་དང་ ཞབས་ཏོག་གི་གནས་ཚད་ཚུ་ སྒྲིང་སྒྲི་བཟོ་ནི་ དེ་ལས་ ཞབས་ཏོག་གི་ ཁྱད་རིག་མཐོ་དྲགས་དང་ སྤུས་ཚད་ཅན་ཚུ་ ངེས་བརྟན་བཟོ་ནིའི་དོན་ལུ་ དུས་རྒྱུན་གྱི་ ལྟ་རྟོག་འབད་ནི་ཚུ་ཨིན་པས།
སྤྱི་ཟླ་༩ པ་དང་༡༠པའི་དོན་ལུ་ གནམ་གྲུ་ཚུ་ ཆ་མཉམ་ར་ མཁོ་མངགས་འབད་ཚར་ཡོད་རུང་ ཟ་ཁང་ལེ་ཤ་ཅིག་ ད་ལྟོ་ཡང་ སྟོངམ་སྦེ་ར་ ལུས་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་ ཇ་ཁང་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཁོང་གི་ཟ་ཁང་ཚུ་ནང་ བརྒྱ་ཆ་༡༠རྐྱངམ་གཅིག་ མཁོ་མངགས་འབད་ཡོདཔ་ཨིན་རུང་ དུས་སྟོན་དེ་ ཧེ་མ་ལས་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཇ་ཁང་གི་ ཇོ་བདག་ཚུ་གིས་ དུས་ཚོད་རནམ་དང་བསྟུན་ མཁོ་མངགས་འབད་མིའི་གྱངས་ཁ་ ཡར་སེང་འགྱོ་བའི་་ རེ་བ་ཡོད་ཟེར་ཨིན་པས།
མཁོ་མངགས་འབད་མི་ ཉུང་སུ་ཨིན་མི་དེ་ཡང་ རྒྱལ་ཁབ་ནང་ ཟ་ཁང་གི་གྱངས་ཁ་ མཐོ་དྲགས་ཡོད་ནི་དེ་གིས་ཨིནམ་ད་ དེ་ཡང་ ཐིམ་ཕུག་ལུ་༡༠༥ དང་ སྤ་རོ་ལུ་༡༠༧ ཡོདཔ་བཞིན་དུ་ ཟ་ཁང་ཚུ་ གནས་ཚད་སྐར་མ་༡ ལས་ སྐར་མ་༥ ཚུན་གྱི་དབྱེ་ཁག་དང་ གྲོང་གསེབ་མགྱོན་ཁྱིམ་ཚུ་ཡང་ ཡོདཔ་ཨིན་པས།
ད་རེས་ ལྟ་བཤལཔ་ཚུ་གིས་ ཉིན་བསྟར་བཞིན་དུ་ གོང་འཕེལ་ཡུན་བརྟན་འཐུས་ ཡུ་ཨེསི་ཌོ་ལར་༡༠༠རེ་ སྤྲོད་དོ་ཡོདཔ་ད་ འཐུས་དེ་ སྤྱི་ལོ་༢༠༢༧ ཟླ་༨ པའི་ཚེས་༣༡ ཚུན་ གནས་ནི་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ མི་སྡེ་དཔལ་འབྱོར་བརྡ་སྟོན་གྱི་ སྙན་ཞུ་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་དང་པ་ལས་ སྤྱི་ཟླ་༦ པ་ཚུན་ འབྲུག་ལུ་ ལྟ་བཤལཔ་༧༥,༦༠༨ དེ་ཅིག་ འོང་ཡོདཔ་ཨིན་པས།
དེ་ཚུའི་གྲས་ལས་ རྒྱལ་སྤྱིའི་ལྟ་བཤལཔ་༢༣,༡༠༠དང་ རྒྱ་གར་ལས་༥༢,༥༠༨ འོང་ཡོདཔ་ཨིན་པས།
སྤྱི་ཟླ་༦ པ་ཚུན་ རྒྱལ་ཁབ་ཀྱིས་ ལྟ་བཤལ་ལུ་བརྟེན་ འོང་འབབ་ཡུ་ཨེསི་ཌོ་ལར་ས་ཡ་༡༤.༥༨ བཟོ་་ཡོདཔ་ཨིན་པས།
ཨིན་རུང་ ལྟ་བཤལཔ་འོང་མིའི་གྱངས་ཁ་དེ་ ད་རེས་ནངས་པར་ འཐོབ་མ་ཚུགས་པར་ཡོདཔ་ད་ དེ་ཡང་ ལས་འཛིན་གྱི་ལཱ་ཚུ་ ཡུན་འགྱངས་ལུས་མི་ལུ་བརྟེན་ཨིནམ་ད་ ལྟ་བཤལ་ལས་ཁུངས་ཀྱིས་ གནས་སྡུད་ཚུ་ ཕྱི་མི་ནང་སྐྱོད་ལས་ཁུངས་ལས་ ལེན་དགོཔ་བྱུང་ཡོདཔ་ལས་ གནས་སྡུད་གསརཔ་ཚུ་ བྱིན་ནི་ལུ་ གདོང་ལེན་བྱུང་སྟེ་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།