༉ ཁ་ཙ་ རྒྱལ་སྲུང་སྦྱོང་བརྡར་མཐར་འཁྱོལ་གྱི་ རུ་སྒྲིག་འགོ་འདྲེན་འཐབ་སྟེ་ མཁོ་ཐང་ཁ་དང་ པདྨ་ཐང་ རྒྱ་མཚོ་གླིང་ དེ་ལས་ རྒྱལ་པོའི་ཞིང་བརྩིས་ཏེ་ རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་༤ ལས་ རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་དང་པ་ མཇུག་བསྡུ་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཁོ་ཐང་ཁ་ལུ་ རྒྱལ་སྲུང་སྦྱོང་བརྡར་མཐར་འཁྱོལ་གྱི་ མཛད་སྒོའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཐོག་ལས་ རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་༤ གི་ རྒྱལ་སྲུངཔ་ཚུ་ལུ་ གསུང་བཤད་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གི་ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ དེ་ལས་ མི་དབང་རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་ཚུ་ ཡོདཔ་ཨིན་པས།
སྦྱོང་བརྡར་མཐར་འཁྱོལ་གྱི་ རྟེན་འབྲེལ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ དྲག་ཁག་༣ གྱི་འགོ་དཔོན་ གཞུང་གི་ཆེ་མཐོའི་འགོ་དཔོན་ གཞུང་གྲྭ་ཚང་གི་སློབ་དཔོན་ལྷན་རྒྱས་ དེ་ལས་ ཕྱི་འབྲེལ་དོན་གཅོདཔ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མི་དབང་མཆོག་གི་སྐུ་ཚབ་སྦེ་ མི་དབང་རྒྱལ་ཚབ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་ རྒྱལ་པོའི་ཞིང་རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་དང་ མི་དབང་རྒྱལ་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་གིས་ རྒྱ་མཚོ་གླིང་ དེ་ལས་ མི་དབང་རྒྱལ་སྲསམོ་ བདེ་ཆེན་དབྱངས་འཛོམས་དབང་ཕྱུག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས།
གལ་གནད་ཅན་གྱི་ལས་རིམ་ནང་ རྒྱལ་སྲུངཔ་ཚུ་གི་ བཟའ་ཚང་ཚུ་གིས་ཡང་ མགྱོནམ་སྦེ་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱལ་སྲུངཔ་ཚུ་ལུ་ གསུང་བཤད་གནང་པའི་སྐབས་ རྒྱལ་སྲུང་དེ་ རྒྱལ་ཁབ་སྒྲིང་སྒྲི་བཟོ་ནིའི་བྱ་སྒོ་ནང་ དགོས་མཁོ་ཅན་གྱི་ ཡན་ལག་གཙོ་བོ་ཅན་ཅིག་ཨིན་པའི་ཁར་ རྒྱལ་སྲུང་སྦྱོང་བརྡར་དེ་ མ་འོངས་མི་རབས་རེ་གི་ འབྲུག་མི་ཚུ་ སྒྲིང་སྒྲི་དང་ ལྕོགས་གྲུབ་ཅན་ དེ་ལས་ རྒྱལ་ཁབ་ལུ་ ཞབས་ཏོག་ཞུ་ནི་ལུ་ གྲ་སྒྲིག་གི་ གཞི་སྒྱུར་ཅིག་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ང་བཅས་རའི་དམིགས་ཡུལ་དེ་ རྒྱལ་ཁབ་དང་ རྒྱལ་ཁབ་རྩིས་སྤྲོད་ནི་ ང་བཅས་རའི་རྒྱུ་དངོས་དང་ བརྒྱུད་འཛིན་སྦོམ་ཤོས་འདི་ མ་འོངས་པའི་མི་རབས་ཚུ་ལུ་ མ་ཉམས་པར་བཞག་ནིའི་སྐོར་ལས་དང་ འབྲུག་མི་ག་ར་གིས་ ང་བཅས་ལུ་ཡོད་མི་རྐྱངམ་གཅིག་ ཉེན་སྐྱོབ་འབད་ནིའི་ འགན་ཁུར་འབག་ནི་མེན་པར་ གྲུབ་འབྲས་དང་ འཕྲོད་མཐུད་ངེས་བརྟན་བཟོ་དགོ་ཟེར་ གསུངས་གནང་ཡོདཔ་ཨིན་པས།
འབྲུག་ལུ་ ཕྱག་ཞུ་བའི་སྐབས་ ད་རེས་རྐྱངམ་གཅིག་མེན་པར་ མི་རབས་ལས་མི་རབས་ དུས་རབས་ལས་དུས་རབས་ ལོ་བརྒྱ་ལས་བརྒྱ་བཅད་དེ་ ནམ་ར་འབད་རུང་ འཛམ་གླིང་གི་ནོར་བུ་ ང་བཅས་རའི་ བུ་གཞི་གི་ བདོག་གཏད་ཡོད་རུང་མེད་རུང་ འབྲུག་རྒྱལ་ཅིག་ཨིནམ་ལས་ རྩིས་ལེགས་ཤོམ་སྦེ་སྤྲོད་དགོཔ་མ་ཚད་ རྐྱེན་བར་ཆད་ག་ནི་ཡང་མེད་པར་ བདག་འཛིན་ལེགས་ཤོམ་འཐབ་སྟེ་ གོང་ལས་གོང་དུ་འཕེལ་ཏེ་ བཞག་ཐབས་ཅིག་དགོ་ཟེར་བའི་ རེ་བ་སྨོན་ལམ་ཨིན་ཟེར་ མི་དབང་མཆོག་གིས་གསུངས་ཡི།
མི་དབང་མཆོག་གིས་ ད་རིས་བ་ ནངས་པ་དྲགཔ་ ད་རེས་ཀྱི་ བདུན་ཕྲག་བ་ཤུལ་མ་གི་ བདུན་ཕྲག་ནང་དྲགཔ་ ད་རེས་ཀྱི་ཟླཝ་བ་ ཤུལ་མམ་གི་ཟླཝ་ནང་ ག་ཅི་ལས་བཅད་དེ་འབད་རུང་ འཕྲོ་མཐུད་དེ་ ཐང་ཐི་མ་ཤོར་བར་སྦེ་ གྲུབ་འབྲས་འཐོན་ཚུགས་འབད་དེ་ དུས་ཅི་སང་ཕོད་བར་ན་ལུ་ ཁྱད་པར་ཆགས་སྦེ་བཟོ་ ལོ་བཅུ་ཕྲག་ལས་བཅུ་ཕྲག་ ང་བཅས་རའི་ རྒྱལ་ཁབ་ཀྱི་ལམ་བསལ་ཚུགས་ མགུ་འཐོན་ཚུགསཔ་སྦེ་ ནམ་ར་འབད་རུང་ བརྟན་ཏོག་ཏོ་སྦེ་ ད་རེས་བ་ ཤུལ་མ་དྲགཔ་སྦེ་བཟོ་ནི་གི་ ཕྱག་ལཱ་དེ་ ཁག་ཆེ་ཟེར་ཨིན་པས།
མི་དབང་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་ཉེན་སྲུང་དང་ རྩ་བརྟན་ དེ་ལས་ ཞི་བདེ་གི་དོན་ལུ་ རྒྱལ་ཡོངས་ཞབས་ཏོག་དེ་ ཁག་ཆེ་ཤོས་ཅིག་ཨིན་ཟེར་གསུང་ཡི།
རྒྱལ་སྲུང་ན་གཞོན་བུ་དང་ བུམོ་༢,༠༠༡ གི་དོན་ལུ་ རྒྱལ་སྲུང་སྦྱོང་བརྡར་མཐར་འཁྱོལ་མཛད་རིམ་དེ་ མི་ཚེའི་ནང་ བརྗེད་པར་ཕངས་པའི་ དུས་སྐལ་ཅིག་ཨིནམ་མ་ཚད་ ཁོང་རའི་གྲུབ་འབྲས་ཚུ་ བརྩི་སྲུང་དང་ དམ་ཚིག་ཅན་གྱི་ འབྲུག་པའི་མི་ཁུངས་ཅིག་སྦེ་ འགན་ཁུར་འབག་ཆོག་ཆོ་སྦེ་ཡོད་ཟེར་བའི་ བརྡ་མཚོན་བཟུམ་ཅིག་ཡང་ཨིན་པས།
ཟླ་ངོ་༣ གྱི་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་དེ་ སྤྱི་ལོ་༢༠༢༤ ཟླ་༩ པའི་ཚེས་༥ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ རྒྱལ་སྲུང་ཚུ་གིས་ ལུས་སྦྱོང་དང་ མཚོན་ཆ་ལག་ལེན་འཐབ་ཐངས་ཚུ་བརྩིས་ཏེ་ རྨང་གཞིའི་གཞི་རྟེན་སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཤེས་ཡོན་དང་ འབྲུག་གི་རྒྱལ་རབས་ནང་འཁོད་ཉེན་སྲུང་ ཆོས་བཤད་ལས་རིམ་ དེ་ལས་ འགོ་ཁྲིད་པའི་ རིག་རྩལ་ལས་རིམ་ཚུ་ནང་ཡང་ གྲལ་ཁར་གཏོགས་ཡོདཔ་ཨིན་པས།
ད་ལས་ཕར་ རྒྱལ་སྲུངཔ་ཚུ་ རྒྱལ་གཞུང་ཡིག་ཚང་ལྟེ་བ་གིས་ བཀོད་རྒྱ་དང་འཁྲིལ་ཏེ་ རྒྱལ་ཡོངས་ཞབས་ཏོག་འབད་ནི་གི་ གྲ་སྒྲིག་ཡོདཔ་ད་ རྒྱལ་སྲུང་གི་དོན་ལུ་ རྒྱལ་སྲུངཔ་ཟེར་བའི་ ཁས་བླངས་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་འཐོབ་ནི་ཨིནམ་ད་ དེ་ནང་ རྒྱལ་སྲུང་གི་ལྟེ་བ་རྐྱབ་ནི་བཟུམ་མའི་ རྒྱལ་ཡོངས་ལས་འགུལ་ཚུ་ནང་ འཕྲུལ་རིག་དང་ཁྱད་རིག་གི་ སྦྱོང་བརྡར་ཚུ་ འཐོབ་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ བརྩི་སྲུང་ཞུ་བའི་སྐབས་ མི་དབང་མཆོག་གིས་ གསལ་བསྒྲགས་གནང་མི་ འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་ལས་རིམ་དེ་ཡང་ འབྲུག་པའི་ན་གཞོན་ཚུ་ ལྕོགས་གྲུབ་ཡོདཔ་ སྒྲིང་སྒྲི་དང་ མགུ་འཐོནམ་ མནོ་བསམ་གཏང་ཤེསཔ་ དེ་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ཚུགསཔ་སྦེ་ བཟོ་ནི་གི་ ཐུགས་ཀྱི་མཁྱེན་རྒྱ་ཨིན་པས།
ལས་རིམ་གྱིས་ ན་གཞོན་ཚུ་གི་ ལྕོགས་གྲུབ་དང་ ལྗོན་ཐངས་ཚུ་ ཧ་གོ་སྟེ་ རྩ་བ་གསུམ་ལུ་ ཕྱག་ཞུ་ཚུགས་པའི་ མི་ཁུངས་ཅིག་སྦེ་ བཟོ་ཞིནམ་ལས་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ ཞི་བདེ་གཅིག་མཐུན་དང་ རང་དབང་རྩ་བརྟན་བཟོ་ནིའི་ དམིགས་གཏད་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement