༉ བཀྲིས་སྒང་ མེ་རག་ལས་ སྐྱེས་ལོ་༡༨ ལང་མི་ པདྨ་ཆོས་སྐྱིད་དེ་ སློབ་གྲྭ་ནང་ རྩ་ལས་མ་འགྱོ་བའི་ཁར་ ཁྱིམ་ནང་ལས་ ཐག་རིང་སར་འགྱོ་མི་དེ་ མོང་སྒར་གྱི་ ཉེ་འདབས་ཚུན་ཨིནམ་ད་ མོ་རའི་ གཡུས་ཚན་གྱི་རྒཔོ་གིས་ མོ་ལུ་ རྒྱལ་སྲུང་གི་ ངོ་སྤྲོད་འབད་བའི་སྐབས་ མོ་ར་ ན་གཞོན་ཚུ་ལུ་ དབང་ཆ་བྱིན་ནིའི་ འཆར་སྣང་དེ་ལུ་ སེམས་ཤོར་ཡོདཔ་ཨིན་པས།
མོ་ར་ ཤེས་ཡོན་སྦྱང་མ་ཚུགས་པའི་ཁར་ གདོང་ལེན་ཚུ་བྱུང་རུང་ མོ་གིས་ ལས་རིམ་ནང་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་དེ་ཡོདཔ་ད་ ལས་རིམ་དེ་ ཡར་རྒྱས་དང་ སོར་སྒྱུར་གྱི་ གོ་སྐབས་ཅིག་ཨིན་མས་ཟེར་ མོ་གིས་ བཤདཔ་ཨིན་པས།
མོ་རའི་ འགན་ཁུར་དང་ རྒྱལ་ཁབ་ལུ་ཤ་ཞེན་གྱི་ ཚོར་བ་ཐོག་ལས་ པདྨ་ཆོས་སྐྱིད་ཀྱིས་ མོ་རའི་རྒྱལཔོ་དང་ རྒྱལ་ཁབ་ལུ་ དོན་སྨིན་ཅན་སྦེ་ ཕྱག་ཞུ་ནིའི་ སེམས་ཐག་བཅད་ཡོདཔ་ད་ མོ་གི་དོན་ལས་ དཀའ་ངལ་ཚུ་ལུ་ གདོང་ལེན་འབད་ནི་རྐྱངམ་གཅིག་མེན་པར་ ཡར་རྒྱས་འགྱོ་ནི་དང་ ཕན་འདེབས་འབད་ནིའི་ གོ་སྐབས་ཅིག་ཨིན་པས།
ཁ་ཙ་ མོ་གིས་ དབང་འདུས་ མཁོ་ཐང་ཁ་ལུ་ཡོད་པའི་ རྒྱལ་སྲུང་སྦྱོང་བརྡར་ལྟེ་བའི་ནང་ སློབ་སྦྱོང་མཐར་འཁྱོལ་གྱི་ རུ་སྒྲིག་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་སྲུངཔ་༥༧༣ གྱི་གྲལ་ཁར་ དཔའ་ཉམས་ཐོག་ལས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ མི་དབང་རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ སྤྱི་ཚོགས་ཀྱི་འཐུས་མི་ དེ་ལས་ དམག་སྡེའི་འགོ་དཔོན་དང་ ཕམ་ གཞུང་གི་ཆེ་རིམ་འགོ་དཔོན་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་ཡོདཔ་ཨིན་པས།
ཟླཝ་༣ གྱི་རིང་ལུ་ རྒྱལ་སྲུངཔ་ཚུ་གིས་ གཞི་རྟེན་དམག་མིའི་སྦྱོང་བརྡར་དང་ རྒྱལ་ཡོངས་ཀྱི་ཤེས་ཡོན་ སྒྲིག་ལམ་རྣམ་གཞག་ ཆོས་བཤད་ལས་རིམ་ འགོ་ཁྲིད་གོང་འཕེལ་ དེ་ལས་ མི་ཚེའི་དོན་ལུ་ ཁག་ཆེ་བའི་རིག་རྩལ་ཚུ་ སྦྱང་བ་འབད་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་ སྦས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ ཕུན་ཚོགས་ཆོས་སྒྲོན་གྱིས་ རྒྱལ་སྲུང་ནང་ སློབ་སྦྱོང་འབད་ནིའི་དོན་ལུ་ མཐོ་རིམ་སློབ་གྲྭ་བཤོལ་བཞག་སྟེ་ ཁྱད་དུ་འཕགས་པའི་ལམ་འདི་ལུ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ སློབ་གྲྭ་ནང་ འགོ་ཁྲིདཔ་འབད་མི་ལུ་བརྟེན་ འགོ་ཐོག་ལུ་ དོ་འགྲན་བྱུང་རུང་ སྦྱོང་བརྡར་དམ་དྲགས་དེ་ མཐུན་འགྱུར་འབད་ཚུགས་ཡོདཔ་ལས་ ལེགས་ཤོམ་སྦེ་ར་ སྦྱང་ཚུགས་ཅི་ཟེར་ཨིནམ་ད་ འདས་པའི་ཟླཝ་༣ དེ་ ངེ་གི་མི་ཚེ་ནང་ལུ་ སེམས་ཁར་དྲན་ཚུགས་པའི་ ཉིནམ་ཅིག་ཨིན་ཟེར་ཨིན་པས།
སྦྱོང་བརྡར་བ་ གཞན་ཅིག་གིས་འབད་བ་ཅིན་ ཁོ་ར་ སྨྱོ་རྫས་ལག་ལེན་ལུ་བརྟེན་ ལཱ་ཁག་རྐྱབ་སྡོད་མི་ཅིག་ཨིན་རུང་ རྒྱལ་སྲུང་གིས་ ཁོ་གི་མི་ཚེའི་ནང་ འགྱུར་བ་སྦོམ་བཟོ་ཡི་ཟེར་ཨིནམ་ད་ ཁོ་གིས་ སྨྱོ་རྫས་ལག་ལེན་འཐབ་ནི་ བཤོལ་བཞག་ཡོདཔ་ད་ ཁོ་ར་ སྨྱོ་རྫས་དང་འབྲེལ་བའི་ བརྟག་དཔྱད་འབད་དགོཔ་ཡོད་རུང་ ལས་རིམ་ནང་ བཅའ་མར་གཏོགས་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ཉིན་བསྟར་གྱི་ སྦྱོང་བརྡར་དེ་གིས་ ཁོ་ར་ འབྲེལ་འཛིན་སྦེ་བཞག་ཡོདཔ་མ་ཚད་ ཕན་ཐོགས་སྦོམ་བྱུང་ཡོདཔ་ད་ ཁོ་གིས་ གོ་སྐབས་༢ པ་ཐོབ་མི་དེ་ལུ་ བཀའ་དྲིན་བསམ་པའི་ཁར་ ཁོང་རའི་བྱ་སྤྱོད་རྙིངམ་ནང་ ལོག་མི་འགྱོ་ཟེར་ ཁས་བླངས་འབད་ཡོདཔ་བཞིན་དུ་ ཁོ་རའི་ དམིགས་གཏད་གསརཔ་ལུ་ སེམས་ཤུགས་ཐོབ་ཡོདཔ་ལས་ ཁོ་ར་ མཐོ་རིམ་ཤེས་ཚད་སྦྱང་ནིའི་ འཆར་གཞི་ཡོདཔ་ད་ ཁོ་གིས་ ཁོ་རའི་ཉམས་མྱོང་ལུ་བརྟེན་ རྒྱལ་སྲུང་སྦྱོང་བརྡར་འབད་ནི་ལུ་ གྲོས་ཐག་བཅད་ནུག།
པདྨ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ སྦྱོང་བརྡར་ཉིནམ་དང་པ་དེ་ ལཱ་ཁག་རྐྱབ་ཡོད་རུང་ སློབ་སྟོན་པ་ཚུ་གིས་ རྒྱབ་སྐྱོར་དང་ ལམ་སྟོན་བྱིན་ནི་དེ་གིས་ འགྲོས་ཀྱིས་སྦེ་ མཐུན་འགྱུར་འབད་ཚུགས་ཅི་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ ལུས་སྦྱོང་དེ་ ལཱ་ཁག་ཤོས་ཅིག་ཨིན་རུང་ མོ་རའི་ སེམས་ཐག་བཅད་མི་ལུ་བརྟེན་ དཀའཝ་སྤྱད་དེ་ ལས་རིམ་གྱི་དགོས་མཁོ་ཚུ་ མཐར་འཁྱོལ་ཚུགས་ཅི་ཟེར་ཨིན་པས།
ཐིམ་ཕུག་ལས་ བསོད་ནམས་གསེར་སྲང་དཔལ་འབྱོར་གྱི་དོན་ལུ་ རྒྱལ་སྲུང་དེ་ སོར་སྒྱུར་ཅན་གྱི་ ཉམས་མྱོང་ཅིག་ཨིན་པས།
མོ་གིས་ སླབ་མིའི་ནང་ ང་ར་ ཁྱིམ་ནང་ལོག་འགྱོ་བའི་བསྒང་ལས་ སྒྲིག་ཁྲིམས་ལྡན་པའི་ མི་ཅིག་ལུ་ འགྱུར་སོ་ཡི་ཟེར་ཨིནམ་ད་ ང་གིས་ ན་གཞོན་ཚུ་ག་ར་ལུ་ རྒྱལ་སྲུང་ནང་ འཛུལ་ཞུགས་འབད་དགོ་པའི་ སྐུལ་བསྒྲགས་འབད་ནི་ཨིན་པའི་ཁར་ དེ་གིས་ ཁྱེད་ར་ མི་དྲག་ཤོས་ཅིག་ལུ་ བསྒྱུར་བཅོས་འབདཝ་ཨིན་པས།
སྦྱོང་བརྡར་ལྟེ་བའི་ སློབ་སྟོན་པ་ཚུ་གིས་ སློབ་ཕྲུག་ཚུ་ ཡར་རྒྱས་འགྱོ་མི་ལུ་བལྟ་སྟེ་ དཔའ་ཉམས་བསྐྱེད་དོ་ཡོདཔ་ཨིན་པས།
སློབ་སྟོན་པ་ཅིག་གིས་ སླབ་མིའི་ནང་ འགོ་དང་པ་ འོང་པའི་སྐབས་ མང་ཤོས་ཅིག་གིས་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་མ་ཚུགས་པའི་ཁར་ དྲོ་པ་ཧ་སག་ ལོང་ནི་བཟུམ་གྱི་ རེའུ་མིག་ཚུ་ལུ་ གནས་ནི་ལུ་ ལཱ་ཁག་རྐྱབ་ཅི་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ ཧེ་མ་ ཆང་འཐུང་ནི་དང་ ཏམ་ཁུ་འཐུང་ནི་ཚུ་ཡང་ བཤོལ་བཞག་ཡོདཔ་ཨིན་པས།
ཧེ་མ་ ཀི་ལོ་མི་ཊར་དག་པ་ཅིག་ལས་ རྒྱུག་མ་ཚུགས་མི་ མང་ཤོས་ཅིག་གིས་ ད་རེས་འབདཝ་ད་ ཀི་ལོ་མི་ཊར་༡༠ལྷགཔ་ཅིག་ རྒྱུག་ཚུགས་པའི་ཁར་ དུས་ཡུན་སྐར་མ་༡ ནང་ སིཊ་ཨཔསི་༦༠འབད་ཚུགསཔ་ལས་ ཁོང་རའི་གདམ་ཁ་དེ་ ངོ་མཚར་ཅན་ཅིག་སྦེ་ ཚོར་ཡོདཔ་ཨིན་པས།
ཁ་ཙ་གི་ཉིནམ་དེ་ བྱུང་རབས་ཅན་ཅིག་ཨིནམ་ད་ དེ་ཡང་ ཤོ་ཐེངས་དང་པའི་ རྒྱལ་སྲུངཔ་༢,༠༠༡ གིས་ ཁོང་རའི་ སྦྱོང་བརྡར་མཐར་འཁྱོལ་དུས་སྟོན་ བརྩི་སྲུང་འབད་ཚུགས་ནི་དེ་གིས་ཨིན་པས།
སྦྱོང་བརྡར་ལྟེ་བ་ཚུ་གིས་ ཤོ་ཐེངས་༢ པའི་ སྦྱོང་བརྡར་བ་༡,༨༠༠ལུ་ འབྱོན་ལེགས་འབད་ནི་ཨིནམ་ད་ ཁོང་གིས་ སྤྱི་ཟླ་༡༢ པའི་ཚེས་༡༦ ལུ་ སྦྱོང་བརྡར་འགོ་བཙུགས་ནི་ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༥ ཟླ་༣ པའི་ཚེས་༡༥ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།