༉ ཧེ་མ་ རང་རྐྱང་སྡོད་གནས་ཐོག་ ཁུ་སིམ་སི་སྦེ་ཡོད་མི་ དབང་འདུས་མཁོ་ཐང་ཁ་གཡུས་ཚན་དེ་ ད་རེས་ མཁོ་ཐང་ཁ་རྒྱལ་སྲུང་སློབ་སྡེ་ གཞི་བཙུགས་འབད་མི་དང་བསྟུན་ སོར་སྒྱུར་འོང་དོ་ཡོདཔ་བཞིན་དུ་ འཁོར་ལམ་གསརཔ་བཏོན་མེ་དེ་གིས་ མཐུད་སྦྲེལ་ཡང་ ལེགས་བཅོས་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་༤ ཡོད་པའི་གྲས་ལས་༡ ཨིན་མི་ མཁོ་ཐང་ཁ་རྒྱལ་སྲུང་སློབ་སྡེ་གིས་ གཞི་རྟེན་མཐུན་རྐྱེན་གསརཔ་དང་ ཚོང་འབྲེལ་གོང་འཕེལ་ དེ་ལས་ ལཱ་གཡོག་གི་གོ་སྐབས་ཚུ་ བཟོ་དོ་ཡོདཔ་ཨིན་པས།
ཧེ་མ་ འཁོར་ལམ་གནས་སྟངས་སྐྱོ་དྲགས་དང་ ཚོང་འབྲེལ་ལས་སྣ་ཉུང་སུ་ཅིག་ལས་མེད་པའི་ མཁོ་ཐང་ཁ་དང་ ཉེ་འདབས་ཀྱི་གཡུས་ཚན་ ཤེ་ལི་དེ་ ད་རེས་ ཡུདཔ་ཐེངས་ཅིག་ནང་ ཁྲོམ་ཆུང་ཅིག་ལུ་ གོང་འཕེལ་སོང་ཡོདཔ་ཨིན་པས།
བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་ དྲག་པོའི་དམག་མི་ དེ་ལས་ མི་གཞན་ལེ་ཤ་འོང་མི་ལུ་བརྟེན་ ས་གནས་ཀྱི་ ཚོང་འབྲེལ་དང་ ཞབས་ཏོག་ཚུ་ལུ་ མཁོ་འདོད་བཀོད་དེ་ ས་གནས་ཀྱི་མི་སྡེ་ལུ་ དཔལ་འབྱོར་གྱི་གོ་སྐབས་ཚུ་ བྱིན་དོ་ཡོདཔ་ཨིན་པས།
སློབ་སྡེ་དེ་ གཞི་བཙུགས་མ་འབད་བའི་ཧེ་མར་ ཏི་ཀེ་ཟམ་པ་ལས་ མཁོ་ཐང་ཁ་ཚུན་གྱི་ རྒེད་འོག་ལྟེ་བའི་ལམ་དེ་ གནས་སྟངས་སྐྱོ་དྲགས་སྦེ་ཡོདཔ་ལས་ འགྲོ་འགྲུལ་འབད་ནི་ལུ་ ལཱ་ཁག་རྐྱབ་པའི་ཁར་ དམིགས་བསལ་དུ་ གནམ་བྱཱར་གྱི་དུས་ཚོད་ལུ་ ལམ་དེ་ ཉེན་ཁ་ཅན་སྦེ་ ཡོདཔ་ཨིན་པས།
ད་རེས་ འཁོར་ལམ་དེ་གུ་ རྩི་ནག་བཏང་ཡོདཔ་ལས་ འགྲོ་འགྲུལ་འབད་ནི་ལུ་ འཇམ་ཏོང་ཏོ་ཡོད་པའི་ཁར་ ཉེན་སྲུང་འདུག་ཟེར་ བྱེད་ནག་རྒེད་འོག་གི་ རྒཔོ་ཀུན་ལེགས་ལྟའུ་ཅུང་གིས་ སླབ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སྣུམ་འཁོར་ཆུང་བ་ཚུ་ ལཱ་ཁག་རྐྱབ་ཨིན་ཟེར་ཨིནམ་ད་ ད་རེས་ མི་ཚུ་གིས་ ཅ་ཆས་ཚུ་ ཕར་ཚུར་སྐྱེལ་འདྲེན་འབད་ཚུགས་པའི་ཁར་ ཚོང་ལཱ་ཚུ་ཡང་ ཡར་དྲག་འགྱོ་དོ་ཟེར་ཨིན་པས།
ལོ་དག་པ་ཅིག་གི་ཧེ་མར་ མཁོ་ཐང་ཁ་ སོ་བི་ས་ལུ་ ཚོང་ཁང་ཕུད་རྡོག་༡ ལས་བརྒལ་མེད་རུང་ ད་རེས་ནངས་པར་ ས་གནས་ཀྱི་མི་ཚུ་གིས་ གངས་རི་ཅན་ཟེར་སླབ་མི་ ས་གནས་དེ་ནང་ ཟ་ཁང་དང་ མགྲོན་ཁང་ དེ་ལས་ ཐ་ན་ ཀ་རའོ་ཀི་གླུ་ཁང་ཚུ་ཡོད་པའི་ ཁྲོམ་ཆུང་ཅིག་ལུ་གྱུར་ཡོདཔ་ཨིན་པས།
ཚོང་ཁང་གསརཔ་༨ ལྷགཔ་ཅིག་ འགོ་བཙུགས་ཡོདཔ་ད་ ས་གནས་ཀྱི་ཚོང་པ་ཚུ་གིས་ མ་འོངས་པ་ལུ་ རྒྱ་སྐྱེད་འབད་ནིའི་འཆར་གཞི་ཡོདཔ་ད་ དེ་ཡང་ ལྟ་བཤལཔ་ཚུ་གི་དོན་ལུ་ སོ་ནམ་ཁང་ཚུ་ བཟོ་སྐྲུན་འབད་ནི་ཨིན་པས།
གཡུས་ཚན་དེ་ནང་ ཁྱིམ་གུང་པ་༥༢ ལྷགཔ་ཅིག་ ཡོདཔ་ཨིན་པས།
གངས་རི་ཅན་ལུ་ ཟ་ཁང་དང་ བཟའ་ཆས་ཚོང་ཁང་ བཙུགས་སྡོད་མི་ སྲིད་རྒྱལ་སྒྲོལམ་དེ་ སོར་སྒྱུར་ལུ་བརྟེན་ ཁེ་ཕན་བྱུང་མི་ཚུ་གི་གྲས་ལས་༡ ཨིནམ་ད་ མོ་གིས་སླབ་མིའི་ནང་ ལོ་༡ གི་ཧེ་མར་ ཚོང་མགྲོན་པ་དཀོན་སུ་ཅིག་ལས་མེད་རུང་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཚོང་འབྲེལ་ཡར་རྒྱས་འགྱོ་དོ་ཡོདཔ་མ་ཚད་ ཀ་རའོ་ཀི་གླུ་ཁང་ཅིག་ཡང་ སྒོ་ཕྱེས་ཏེ་ཡོད་ཟེར་ཨིན་པས།
མཁོ་ཐང་ཁ་ལས་ ཀི་ལོ་མི་ཊར་༧ དེ་ཅིག་གི་ས་ཁར་ཡོད་མི་ ཤེ་ལི་ལུ་ཡང་ འདི་བཟུམ་སྦེ་ར་ ཡར་རྒྱས་འགྱོ་སར་ མཐོང་གསལ་བྱུངམ་ཨིན་པས།
ཤེ་ལི་ལུ་ ཡར་དྲག་འགྱོ་བའི་བསྒང་ལས་ ས་གནས་ཀྱི་ ཚོང་པ་ཚུ་གིས་ གོ་སྐབས་ལེ་ཤ་ཅིག་ར་ འཐོབ་ཚུགས་ནི་ཨིནམ་ད་ ཚོང་ཁང་དང་ ཟ་ཁང་ དེ་ལས་ ཚོང་ལཱ་ཆུང་ཀུ་གཞན་ཚུ་ཡང་ ཡར་རྒྱས་འགྱོ་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ གཡུས་ཚན་དེ་ སྐྱིད་ཏོག་ཏོ་ཅིག་ཨིན་རུང་ ད་རེས་ ལས་སྣ་མང་བའི་ས་ཁོངས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ས་ཁོངས་དེ་ནང་ ཁྱིམ་གསརཔ་ཚུ་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ ས་གི་གོང་ཚད་ཡང་ ཡར་འཕར་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༩ པའི་ཚེས་༥ ལུ་ མཁོ་ཐང་ཁ་རྒྱལ་སྲུང་སློབ་སྡེའི་ནང་ སྦྱོང་འབད་མི་ ཤོ་ཐེངས་དང་པ་ འོངས་མི་དེ་ འབྲུག་གི་ རྒྱལ་ཡོངས་ཞབས་ཏོག་ལས་རིམ་གྱི་དོན་ལུ་ རྒྱལ་རབས་ཅན་གྱི་ དྲན་རྟགས་ཅིག་ཨིན་པས།
རྒྱལ་སྲུངཔ་༢,༠༠༡ དེ་ཅིག་གིས་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལས་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༣ ལུ་ སྦྱོང་བརྡར་མཇུག་བསྡུ་བའི་ རུ་སྒྲིག་འགྲེམས་སྟོན་ བརྩི་སྲུང་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་ལུ་ རིག་རྩལ་དང་ སྒྲིག་ལམ་ དེ་ལས་ རྒྱལ་ཡོངས་གཅིག་སྒྲིལ་གྱི་ སེམས་ཤུགས་བསྐྱེད་བཅུག་ནིའི་ བརྩོན་ཤུགས་ལུ་ བརྡ་མཚོན་སྟོནམ་ཨིན་པས།
སློབ་ཕྲུག་༡,༨༠༠འབད་མི་ ཤོ་ཐེངས་༢ པ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༦ ལུ་ སྦྱོང་བརྡར་འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ མཇུག་བསྡུ་ནི་ཨིན་པས།
རྒྱལ་སྲུང་སློབ་སྡེ་ལུ་བརྟེན་ ས་གནས་ཀྱི་ཚོང་འབྲེལ་ཚུ་ ཡར་དྲག་འགྱོ་དོ་ཡོདཔ་མ་ཚད་ ས་གནས་ཀྱི་ ཚོང་ཁང་ཚུ་གིས་འབད་རུང་ སྦྱོང་བརྡར་འབད་མི་དང་ སློབ་སྟོན་པ་ དེ་ལས་ སྲུང་སྐྱོབ་ལས་བྱེདཔ་ཚུ་ལུ་ དགོས་མཁོ་དང་ཞབས་ཏོག་ཚུ་ བྱིན་དོ་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།