༉ གསར་སྤང་རྫོང་ཁག་ རྟ་རས་ཐང་རྒེད་འོག་ འུ་ཅི་ལུ་སྤྱི་འོག་གི་སོ་ནམ་པ་ སྐྱེས་ལོ་༧༩ ལང་མི་ གར་ཇ་མཱན་རའེ་གིས་ ཤིང་ལྕངམ་ས་ཡ་འཛུགས་སྐྱོང་ལས་འགུལ་ཐོག་ལས་ ཤིང་འབྲས་ཀྱི་ལྕངམ་ཚུ་ འཛུགས་སྐྱོང་འབད་མི་ལུ་བརྟེན་ ད་རེས་ ཨམ་ཅུ་ཀུ་ལི་དང་ ངང་ལག་ཚུ་ བསྡུ་ནི་འགོ་བཙུགས་ཡོདཔ་ཨིན་པས།
དེ་ཡང་ ཁོ་གིས་ སྤྱི་ལོ་༢༠༢༢ ལུ་ ཤིང་ལྕངམ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ དུས་ཅི་ ཤིང་འབྲས་བསྡུ་མི་དེ་ ཐེངས་༢ པ་ཨིན་པས།
དགེ་ལེགས་ཕུག་ རྟ་རས་ཐང་གི་གཞུང་ལམ་གྱི་ཟུར་ཁར་ ས་ཆ་ཌེ་སི་མཱལ་༥༠ནང་ ཨམ་ཅུ་ཀུ་ལི་ཤིང་༥༠དང་ ངང་ལག་ཤིང་ དེ་ལས་ ཨ་བ་ཀ་ཌོ་འཛུགས་སྐྱོང་འབད་མི་ཚུ་གིས་ ད་རེས་ རྡོག་མ་འཚོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ལུ་ ཨམ་ཅུ་ཀུ་ལི་ཤིང་རྩ་བོ་༤ རྐྱངམ་གཅིག་ རྡོག་མ་བཏགས་ཡོདཔ་ཨིན་རུང་ དུས་ཅི་ཤིང་༣༠གིས་ རྡོག་མ་བཏགས་པའི་ཁར་ ཁོ་རའི་སེམས་ཁ་ལས་འབད་བ་ཅིན་ ཤུལ་མའི་ལོ་ནང་ ཤིང་ལྕངམ་ག་ར་གིས་ རྡོག་མ་བཏགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལམ་འགྲུལ་འབད་མི་ཚུ་གིས་ ཨམ་ཅུ་ཀུ་ལི་ཚུ་ བཏོགས་འབག་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ ཨམ་ཅུ་ཀུ་ལི་གི་ ཨེ་ཟེ་ པི་ཀཱལ་བཟོ་ནིའི་དོན་ལུ་ ཁྱིམ་ནང་ འབག་འགྱོཝ་མས་ཟེར་ཨིན་པ།
ང་བཅས་ཀྱིས་ ཚོང་འབྲེལ་འཐབ་ནི་མེད་རུང་ ཤིང་འབྲས་དེ་གིས་ རང་གི་དོན་ལུ་ ལང་ཚུགསཔ་ཅིག་ཡོད་ཟེར་ གར་ཇ་མཱན་གྱིས་ བཤདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ གཡུས་མི་ཚུ་གིས་ ཤིང་འབྲས་ཚུ་ ནང་འདྲེན་འབད་དེ་ སྤྱོད་དོ་ཡོདཔ་ད་ རེ་ཚེ་སྐབས་ ནགས་ཚལ་ནང་ལས་ འཚོ་མའི་ཤིང་འབྲས་ཚུ་ཡང་ བཟའ་དོ་ཡོད་རུང་ ད་རེས་ནངས་པར་ ཁོང་ར་ ནམ་དགོཔ་ཅིང་ ལྡུམ་ར་ནང་ལས་བཏོགས་ཏེ་ བཟའ་ནི་འཐོབ་ཚུགས་པས་ཟེར་ཨིན་པས།
བཀྲིས་ཆོས་གླིང་སྤྱི་འོག་ལས་ སྐྱེས་ལོ་༢༦ ལང་མི་ ཨོ་རྒྱན་རྡོ་རྗེ་དང་ ཁོ་རའི་སྤུན་ཆ་གིས་ འགོ་དང་པ་ར་ ཌའི་གཱན་ཕུ་རུཊ་ཚུ་ བསྡུ་ཡོདཔ་ད་ དུས་ཅི་ལས་ ཤིང་འབྲས་ལེགས་ཤོམ་སྦེ་ འཚོ་མིའི་རིགས་ཚུ་ ཐིམ་ཕུག་ལུ་ བསྐྱལ་བཏང་དོ་ཡོདཔ་བཞིན་དུ་ མ་འོངས་པའི་ནང་ ལེགས་ཤོམ་སྦེ་ བསྡུ་གསོག་འབད་ཚུགས་པའི་ རྟགས་མཚན་ཅིག་ཨིན་མས་ཟེར་ཨིན་པས།
ཁོ་གིས་ ཌའི་གཱན་ཕུ་རུཊ་ཤིང་ལྕངམ་༡༠ཡོད་པའི་ཁར་ ངང་ལག་ཤིང་དང་ ཨམ་ཅུ་ཀུ་ལི་གི་ ཤིང་ལྕངམ་ཚུ་ཡང་ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ དེ་ཚུ་ལུ་བལྟ་བ་ཅིན་ རྡོག་མ་ལེགས་ཤོམ་བཏགས་ནིའི་ རྟགས་མཚན་ཨིན་མས་ཟེར་ཨིན་པས།
ཚོང་འབྲེལ་འཐབ་ས་ དེ་ཅིག་ར་མེདཔ་ད་ སོ་ནམ་པ་ལ་ལོ་ཅིག་གིས་ ཐིམ་ཕུག་ལུ་སྡོད་མི་ ཁོང་རའི་ཉེ་ཚན་ཚུ་ལུ་ ཤིང་འབྲས་ཚུ་ ལག་རྟགས་སྦེ་སྐྱེལ་དོ་ཡོདཔ་ལས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་གཞི་ལུ་བརྟེན་ ཁོང་རའི་ཚོང་འབྲེལ་གསརཔ་དེ་གི་ རེ་ཐག་མ་ཆོདཔ་སྦེ་ཡོདཔ་ཨིན་པས།
འོད་ཟེར་གླིང་སྤྱི་འོག་ལས་ སྐྱེས་ལོ་༤༥ ལང་མི་ འཇིགས་མེད་རྡོ་རྗེ་གིས་ ཚོང་འབྲེལ་གྱི་ གོ་སྐབས་རྒྱ་སྐྱེད་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ད་ ཁོ་གིས་ རྟ་རས་ཐང་རྒྱལ་སྲུང་ཟ་ཆས་ཉེན་སྲུང་ས་ཁོངས་ནང་ དངུལ་ཀྲམ་༦,༠༠༠དེ་ཅིག་གནས་པའི་ ངང་ལག་བཙོང་ཡོདཔ་ད་ ངང་ལག་ལེགས་ཤོམ་ཡོད་མི་གིས་ ལགཔ་རེ་ལུ་ དངུལ་ཀྲམ་༥༠༠རེ་ འཐོབ་ཚུགས་དོ་ཡོདཔ་ཨིན་པས།
རྟ་རས་ཐང་རྒེད་འོག་གཅིག་ནང་ར་ ཤིང་ལྕངམ་༢,༢༦༠འཛུགས་སྐྱོང་འབད་ཡོདཔ་ད་ ཤིང་ལྕངམ་ས་ཡ་ལས་ལས་འགུལ་གྱིས་ ཧེ་མ་བཟུམ་སྦེ་མེན་པར་ གསར་སྤང་རྫོང་ཁག་གི་ སོ་ནམ་སྡེ་ཚན་གྱིས་ འཕྲོ་མཐུད་དེ་ར་ ས་ཁ་མཐོ་དམའ་དང་བསྟུན་ ལྕངམ་གི་རིགས་ཚུ་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ཨིན་པས།
སྟར་སྒོ་ཤིང་དང་ ཤིང་ལྕངམ་ལ་ལོ་ཅིག་ ས་ཁ་མཐོ་ས་ལུ་ འཚོ་དོ་ཡོད་རུང་ ཚལ་ལུ་དང་ ཨ་བ་ཀ་ཌོ་ རྩི་ཤིང་གི་རིགས་ཚུ་ ས་ཁ་རན་ཏོག་ཏོ་ནང་ བཀྲམ་སྤེལ་འབད་ནི་དང་ ས་ཁ་དམའ་ས་ཚུ་ནང་ རྩི་ཤིང་དང་ ཨིར་ཝན་ཨམ་ཅུ་ཀུ་ལི་ དེ་ལས་ རྡོག་མ་གི་ལྕངམ་ཚུ་ བཀྲམ་སྤེལ་འབད་ནི་ཨིན་པས།
གསར་སྤང་རྫོང་ཁག་གི་ སོ་ནམ་འགོ་དཔོན་ ཀུན་ལེགས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ གྲོས་གཞི་ཚུ་ གོ་རིམ་དང་པ་དང་ གཉིས་པའི་ཐོག་ལས་ ཉམས་མྱོང་དང་བསྟུན་ འཛུགས་སྐྱོང་འབད་ནི་ཨིན་ཟེར་ཨིན་པས།
ཤིང་ལྕངམ་མ་འདྲཝ་༦ དེ་ཅིག་འབད་མི་ གྱངས་ཁ་༥༠,༠༠༠རྒེད་འོག་༡༢ ནང་ གོ་རིམ་༣ པའི་དོན་ལུ་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།