༉ རྩི་རང་རྫོང་ཁག་གི་ སྒོ་ནོར་སྡེ་ཚན་གྱིས་ འཆར་གཞི་༡༣ པའི་ནང་ སྒོ་ནོར་གྱི་ རྒྱ་ཆེ་བའི་ཚོང་འབྲེལ་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཚོང་འབྲེལ་ཡུན་བརྟན་བཞག་ནིའི་དོན་ལུ་ ཚོང་ལམ་ལུ་ ཤུགས་བཏོན་དོ་ཟེར་ རྩི་རང་སྒོ་ནོར་གཙོ་འཛིན་འོགམ་གིས་ བཤདཔ་ཨིན་པས།
དེ་ཡང་ ཚོང་འབྲེལ་ཆུང་བའི་ སྒོ་ནོར་གསོ་སྐྱོང་གིས་ དེ་ཅིག་ར་ ཕན་ཐོགས་མི་ཚུགས་པས་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ རྩི་རང་མཚོ་གླིང་ཁ་ལས་ ཧེམ་ཀུ་མར་པོག་ཝཱལ་གྱིས་ བྱ་གསོ་སྐྱོང་འཐབ་ནི་ འགོ་བཙུགས་མི་དེ་ཡང་ ཚོང་འབྲེལ་ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིནམ་ད་ ཨིན་རུང་ ཁོ་གི་ མནོ་བསམ་བཏང་མི་དེ་ དོན་དང་ལྡནམ་ཅིག་ལུ་ འགྱུར་མ་ཚུགས་ཟེར་ཨིན་པས།
བྱ་གསོ་སྐྱོང་ཁང་དེ་ཡང་ དབང་འདུས་དང་ རྩི་རང་ལུ་འགྱོ་སའི་ གཞུང་ལམ་གྱི་ཉེ་འདབས་ལུ་ བཙུགས་ཡོདཔ་ད་ ད་རེས་འབད་བའི་བསྒང་ལས་ གསོ་སྐྱོང་ཁང་དེ་ སྟོངམ་ཐོན་པའི་གུ་ ཚལ་མ་ལུ་གྱུར་ཡོདཔ་བཞིན་དུ་ གསོ་སྐྱོང་ཁང་ནང་ཡོད་པའི་བྱ་ཚུ་ག་ར་ ན་ཧིང་ སྤྱི་ཟླ་༤ པའི་ནང་ བྱ་ནད་ཐོན་ཏེ་ ཤི་ཡོདཔ་ད་ ཧེ་མ་ མནོ་བསམ་སྦོམ་བཏང་སྟེ་ ཚོང་འབྲེལ་གཞི་བཙུགས་འབད་མི་དེ་ ད་རེས་ བུ་ལོན་གྱི་འོག་ལུ་ ཚུད་ཡོདཔ་སྦེ་ཨིན་པས།
ཧེམ་ཀུ་མར་གྱི་ བྱ་གསོ་སྐྱོང་ཁང་དེ་ མི་ཊར་༦༠ དང་༡༡.༥ འབད་མིའི་ནང་ བྱའི་ཤོང་ཚད་༡,༠༠༠ ཡོད་མིའི་ནང་ འགོ་བཙུགས་པའི་སྐབས་ལུ་ ནང་འཁོད་ཀྱི་བྱ་༦༠༠ བཙུགས་མི་གིས་ བདུན་རིམ་བཞིན་དུ་ སྒོང་རྡོག་ཐོན་སྐྱེད་ དངུལ་ཀྲམ་༡༡,༠༠༠ དེ་རེ་ ཐོབ་དོ་ཡོདཔ་ཨིན་པས།
བྱ་རིགས་ཚུ་ སྒོང་རྡོག་བུད་བའི་བསྒང་ར་ ཤི་ནི་འགོ་བཙུགས་ཡོདཔ་ལས་ སྨན་བཅོས་འབད་མི་གིས་ ནད་གཞི་ལུ་བརྟེན་ཐོབ་པའི་ བྱ་ཤི་ནི་ལས་ བཀག་ཐབས་འབད་མ་ཚུགས་ཟེར་ ཧེམ་ཀུ་མར་གྱིས་ བཤད་པའི་ཁར་ སྒོ་ནོར་འགོ་དཔོན་གྱིས་ འབད་བ་ཅིན་ བྱ་སོན་དེ་ ལེགས་ཤོམ་མེནམ་སྦེ་ སླབ་མས་ཟེར་ཨིན་པས།
ཧེམ་ཀུ་མར་གྱིས་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༡༥༠,༠༠༠ བཏང་མི་དེ་ བསྐྱིན་འགྲུལ་ལེན་ཡོདཔ་ལས་ སྐྱིན་ཚབ་བཏབ་མ་ཚུགས་པའི་ཁར་ ཁོ་ར་ལུ་ གསོག་འཇོག་འབད་བཞག་མི་ དངུལ་ཀྲམ་༤༥༠,༠༠༠ དེ་ཡང་ བྱ་གསོ་སྐྱོང་གི་དོན་ལུ་ ཟད་འགྲོ་བཏང་ཚརཝ་ལས་ སེམས་ཕམ་བྱུང་ཡོདཔ་སྦེ་ཨིན་པས།
འདི་བཟུམ་གྱི་ གྱོང་རྒུད་སྦོམ་ར་ ཕོག་སྟེ་འབད་རུང་ ཧེམ་ཀུ་མར་ལུ་ འབད་ཐབས་གཞན་ག་ནི་ཡང་མེདཔ་ལས་ ཁོ་གིས་ སེམས་ཤུགས་བསྐྱེད་དེ་ ཁོ་ར་ལུ་ཡོད་པའི་ སྐམ་ཞིང་ཨེ་ཀར་ཅིག་འབད་མི་དེ་ བཙོང་ནི་གི་དོན་ལུ་ མི་སྡེ་བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་ཡོདཔ་ད་ ཁོ་ལུ་ ས་ཆ་ཨེ་ཀར་༢.༤༥ དེ་ཅིག་ཡོདཔ་ཨིན་པས།
འདི་བཟུམ་གྱི་རྐྱེན་ངན་དེ་ རང་རྐྱངམ་གཅིག་མེན་པར་ རྩི་རང་སྒོ་ནོར་འགོ་དཔོན་ཚུ་གིས་ སྒོ་ནོར་གསོ་སྐྱོང་འཐབ་མི་ ལག་ལེན་ཚུལ་བཞིན་ མ་འབད་མིའི་གནས་ཐོ་དང་འཁྲིལཝ་ད་ མཚོ་འཁོར་གླིང་རྒེད་འོག་རྐྱངམ་གཅིག་ལུ་ར་ ན་གཞོན་སོ་ནམ་པ་ཚུ་ལུ་ གསོ་སྐྱོང་ཁང་༦ ལག་ལེན་འཐབ་མ་ཚུགས་པར་ བཞག་པའི་ཁར་ གཞན་ཡང་གཞུང་ལམ་གྱི་ལྟག་ལུ་ སྐྱེས་ལོ་༥༥ ལང་མི་ ན་ར་ཡན་ ཀུ་མར་ཆེ་ཏི་རི་གིས་ གསོ་སྐྱོང་ཁང་དེ་ བཀོག་བཞག་ཡོདཔ་སྦེ་ཨིན་པས།
ན་ར་ཡན་ཀུ་མར་གྱི་ གསོ་སྐྱོང་ཁང་ནང་ བྱ་༥༠༠ གི་ཤོང་ཚད་ཡོད་དེ་འབད་རུང་ ད་རེས་འབད་བའི་བསྒང་ལས་ བྱ་༢༠༠ ཤི་བའི་ཤུལ་ལུ་ ལྷག་ལུས་བྱ་༡༠༠ བཙོང་ཞིནམ་ལས་ ནང་འཁོད་ཀྱི་བྱ་༢༢ མ་གཏོགས་མ་བཞགཔ་ཨིན་པས།
ང་གིས་ ལོག་སྟེ་ར་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནིའི་ མནོ་བསམ་མེད་ཟེར་ བཤད་མི་དེ་ཡང་ གྱོང་རྒུད་སྦོམ་ར་ཕོགཔ་མས་ཟེར་ཨིནམ་ད་ བྱ་གསོ་སྐྱོང་འཐབ་ནི་དེ་ ག་ནི་བ་ འདྲོག་སི་སི་གི་ ཚོང་འབྲེལ་ཅིག་འབདཝ་ལས་ ལོག་སྟེ་འབད་ནིའི་ འཆར་གཞི་མ་བརྩམས་ཟེར་ ན་ར་ཡན་ཀུ་མར་གྱིས་ བཤདཔ་ཨིན་པས།
རྒེད་འོག་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྒྱབ་སྐྱོར་འབད་མི་དང་ ལེན་མི་༢ ཀྱི་བར་ན་ ལག་ལེན་དང་ ལམ་ལུགས་ཚུ་ ཁ་གསལ་ཅིག་མིན་འདུག་ཟེར་ཨིནམ་ད་ བྱ་གསོ་སྐྱང་ཁང་ཚུ་ གཞུང་གི་གོང་ཚད་ཕབ་ཆའི་ཐོག་ལུ་ གཞི་བཙུགས་འབད་དོ་ཡོད་པའི་ཁར་ གསོ་སྐྱོང་ཁང་གི་དོན་ལུ་ རྩི་ས་དང་ ལྕགས་ཀྱི་རིགས་ཚུ་ གཞུང་གིས་ བྱིན་དོ་ཡོདཔ་སྦེ་ཨིན་པས།
མགོནམ་ཚེ་རིང་གིས་འབད་བ་ཅིན་ འདི་བཟུམ་གྱི་ རྐྱེན་ངན་བྱུང་མི་ལུ་བརྟེན་ ན་གཞོན་ཚུ་གིས་ བྱ་གསོ་སྐྱོང་འཐབ་ནི་དེ་ གནས་སྐབས་ཀྱི་ ལཱ་བཟུམ་ཅིག་སྦེ་ འབདཝ་མས་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་བྱིན་དོ་ཡོད་རུང་ ན་གཞོན་ཚུ་གིས་ གལ་སྲིད་ གོ་སྐབས་ལེགས་ཤོམ་ཅིག་ འཐོབ་འདྲཝ་འབད་བ་ཅིན་ གསོ་སྐྱོང་ཁང་དེ་ བཀོག་བཞགཔ་མས་ཟེར་ཨིནམ་ད་ ཁོང་དང་གཅིག་ཁར་ གན་ཡིག་ཚུ་བཟོ་སྟེ་འབད་རུང་ དེ་གིས་ཡང་ དཀའ་ངལ་དེ་ བསལ་མི་ཚུགས་པས་ཟེར་ཨིན་པས།
འདི་བཟུམ་གྱི་ གསོ་སྐྱོང་ཁང་ཚུ་གིས་ གལ་སྲིད་ སྒོང་རྡོག་གི་ གོང་ཚད་ཡར་སེང་འགྱོ་བ་ཅིན་ དེ་འཕྲོ་ལས་ ལོག་འགོ་བཙུགས་ནི་དང་ སྒོང་རྡོག་གི་གོང་ཚད་ མར་བབས་འགྱོ་བའི་བསྒང་ལས་ བཀོག་བཞགཔ་མས་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement