༉ འབྲུག་གི་འབྲིང་རིམ་སློབ་གྲྭ་གོང་མའི་ཆོས་རྒྱུགས་ནང་ རྩིས་དང་ རྩིས་རིག་ཆོས་ཚན་གྱི་ གྲུབ་འབྲས་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོད་མི་ལུ་བརྟེན་ མི་མང་ལས་ བསམ་འཆར་དང་ རྩོད་བསྡུར་སྣ་ཚོགས་ འབད་དེ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ འཕྲལ་ཁམས་ཅིག་ཁར་ འབྲུག་གི་སློབ་གྲྭའི་ཆོས་རྒྱུས་དང་བརྟག་ཞིབ་ཚོགས་སྡེ་གིས་ སློབ་རིམ་༡༢ པའི་ ཆོས་རྒྱུགས་གསལ་བསྒྲགས་འབད་མི་ལས་ཚུར་ ཐོན་ཡོདཔ་ཨིན་པས།
རྩིས་རིག་གི་ མཐར་འཁྱོལ་གྲུབ་འབྲས་དེ་ བརྒྱ་ཆ་༢༠.༩༥ ཡོད་མི་དེ་ ཆོས་ཚན་ཚུ་གི་གྲས་ལས་ དམའ་ཤོས་ཅིག་ཨིནམ་ད་ རྩིས་ཀྱི་མཐར་འཁྱོལ་གྲུབ་འབྲས་དེ་ བརྒྱ་ཆ་༣༠.༥༥ ཡོདཔ་ཨིན་པས།
རྩིས་རིག་གི་ སློབ་ཕྲུག་བརྒྱ་ཆ་༨༠ དང་ རྩིས་ཀྱི་སློབ་ཕྲུག་ བརྒྱ་ཆ་༧༠ དེ་ཅིག་ མཐར་འཁྱོལ་འབྱུང་མ་ཚུགསཔ་ཨིན་པས།
རྩིས་རིག་གི་ ཆོས་ཚན་ནང་ སློབ་ཕྲུག་༢,༥༠༥ གིས་ ཆོས་རྒྱུགས་རྐྱབ་མི་ལས་༥༢༥ རྐྱངམ་གཅིག་ མཐར་འཁྱོལ་ཡོདཔ་ད་ རྩིས་ཀྱི་ཆོས་ཚན་ནང་ སློབ་ཕྲུག་༣,༣༨༥ གིས་ ཆོས་རྒྱུགས་ཕུལ་མི་ལས་༡,༠༣༤ རྐྱངམ་གཅིག་ མཐར་འཁྱོལ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ལོ་བསྟར་བཞིན་ སློབ་ཕྲུག་ཚུ་གི་ གྲུབ་འབྲས་ལེགས་ཤོམ་ ཐོབ་ནི་ལུ་ སློབ་ཕྲུག་ལུ་ རྒྱབ་སྐྱོར་ལྷབ་སྦྱང་གནས་སྟངས་ཡར་དྲག་གཏང་རུང་ རྩིས་དང་ རྩིས་རིག་གི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་དེ་ གནད་དོན་ག་ཅི་ལུ་བརྟེན་ མར་བབས་སོང་ཡོདཔ་ཨིན་ན་ཟེར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ མི་ཚུ་གིས་ དྲི་བ་དང་ བསམ་འཆར་སྣ་ཚོགས་བཀོད་དེ་ ཡོདཔ་ཨིན་པས།
ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ སྤྱིར་བཏང་ཆོས་རྒྱུགས་ཀྱི་ གྲུབ་འབྲས་མར་བབས་སོང་མི་ལུ་ ངོས་ལེན་ཐོག་ལས་ སླབ་མིའི་ནང་ གནད་དོན་༡ རྐྱངམ་གཅིག་ལུ་ ཉོགས་བཤད་བཀོད་ནི་ མི་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གནད་དོན་གཅིགཔོ་དེ་ སློབ་གྲྭ་ལ་ལུ་ཅིག་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་དེ་གིས་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ལུ་ ཐོ་ཕོག་ཉེན་ཡོད་རུང་ གནད་དོན་དེ་རྐྱངམ་གཅིག་ལུ་ དོགས་པ་ཆགས་ནི་ མི་འོང་ཟེར་ཨིན་པས།
མ་གཞི་ ལྷན་ཁག་གིས་ ཕྱིའི་སློབ་དཔོན་ཚུ་བརྩིས་ཏེ་ རིག་རྩལ་ཅན་གྱི་སློབ་དཔོན་ཚུ་ གསར་བཙུགས་འབད་བའི་ཁར་ སློབ་དཔོན་གྱི་སྤུས་ཚད་ ཡར་དྲག་གཏང་ནི་གི་ ཐབས་ལམ་ཚུ་བཏོན་རུང་ སློབ་དཔོན་རེ་རེ་གི་ ལྕོགས་གྲུབ་དབྱེ་ཞིབ་འབད་མི་ཚུགས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ གནད་དོན་དེ་གིས་ སློབ་གྲྭ་ཚུ་གི་བར་ན་ གྲུབ་འབྲས་ཀྱི་ ཁྱད་པར་འཐོན་ནི་ཨིནམ་ད་ སློབ་དཔོན་ཚུ་ འཕྲལ་འཕྲལ་ར་ གནས་སོར་འགྱོ་མི་དང་ དམིགས་བསལ་དུ་ ཆོས་ཚན་སློབ་སྟོན་འབད་མི་ཚུ་ གནས་སོར་འགྱོ་མི་གིས་ཡང་ སློབ་ཕྲུག་ཚུ་ ལྷབ་སྦྱང་འབད་ནི་ལུ་ཡང་ ཐོ་ཕོག་འོང་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ སླབ་མིའི་ནང་ སློབ་གྲྭའི་འགོ་ཁྲིདཔ་ཚུ་ལུ་ འགན་ཁུར་ཡོདཔ་ད་ དབུ་འཛིན་ལ་ལུ་ཅིག་གིས་ སློབ་སྟོན་ལས་རིམ་ལུ་ མངམ་སྦེ་གཙོ་རིམ་བཟུང་དོ་ཡོདཔ་ལས་ གྲུབ་འབྲས་ལེགས་ཤོམ་ཐོན་ནི་ལུ་ ལྷན་ཐབས་འབདཝ་མས་ཟེར་ཨིན་པས།
རྩིས་དེ་ ཆོས་ཚན་ངོ་མ་མེདཔ་ལས་ སློབ་ཕྲུག་ཚུ་གིས་འབད་རུང་ གལ་ཅན་ཅིག་ཨིནམ་སྦེ་ བརྩི་འཇོག་མ་བསྐྱེད་པར་ མཐར་འཁྱོལ་བ་ཅིན་བཏུབ་སྦེ་ བཞགཔ་མས་ཟེར་ཨིན་པས།
སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ འཛམ་གླིང་ནང་ ལོ་བསྟར་ རྩིས་དང་ ཚན་རིག་གི་ ཆོས་ཚན་གྲུབ་འབྲས་ཚུ་ མར་བབས་སོང་སྟེ་ཡོདཔ་ད་ འབྲུག་ལུ་ རྩིས་དེ་ དཀའ་ངལ་ཅན་གྱི་ ཆོས་ཚན་ཅིག་སྦེ་ ངོས་ལེན་འབད་དེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩ་གཞུང་དེ་ གཞི་རིམ་གྱི་གནས་ཚད་ལས་ ཡར་དྲག་སོང་རུང་ ཆོས་ཚན་དེ་ཚུ་ལུ་ ཡུན་བརྟན་གྱི་ བསམ་སྤྱོད་ཡོད་མི་ཚུ་ བསལ་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ དེ་ལས་ རྩིས་ཀྱི་སློབ་དཔོན་ཚུ་ ཕྱི་ལས་འོང་མི་ལུ་ ཁེ་ཕན་ཐད་ལུ་ བློན་པོ་དང་ མདོ་ཆེན་༢ ཆ་ར་གིས་ ལས་རིམ་དེ་ ལག་ལེན་འཐབ་སྟེ་ ལོ་༢ ལས་བརྒལ་ མ་ལངམ་ལས་ གྲུབ་འབྲས་བཏོན་ནི་ལུ་ དུས་ཚོད་འགོར་འོང་ཟེར་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ སློབ་གྲྭ་ལ་ལོ་ཅིག་ནང་ ཕྱིའི་སློབ་དཔོན་ ཚད་གཅིག་ལས་བརྒལ་མེདཔ་ལས་ དེ་གིས་ གྲུབ་འབྲས་བཏོན་ཚུགས་པར་ ལཱ་ཁག་བཏང་འོང་ཟེར་ཨིན་པས།
སློབ་དཔོན་ལ་ལོ་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་མར་བབས་སོང་མི་དེ་ སློབ་ཕྲུག་ཚུ་གིས་ བརྩོན་ཤུགས་མ་བསྐྱེད་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
སློབ་དཔོན་མང་ཤོས་ཅིག་གིས་ སློབ་གྲྭ་ཚུ་ནང་ སློབ་དཔོན་མང་ལང་པའི་ དཀའ་ངལ་ལུ་བརྟེན་ ཐད་ཀར་དུ་ ཆོས་ཚན་དེ་༢ ཀྱི་ གྲུབ་འབྲས་ལུ་ ཐོ་ཕོག་ནུག་ཟེར་ཨིན་པས།
སློབ་གྲྭ་ལ་ལུ་ཅིག་ནང་ ཆོས་ཚན་གཙོ་ཅན་ཚུ་ ཉམས་མྱོང་མེད་མི་ ཡང་ཅིན་ ཁག་འབགཔ་སློབ་དཔོན་ཚུ་གིས་ སློབ་སྟོན་འབད་དེ་ཡོདཔ་ལས་ དེ་གིས་ཡང་ གྲུབ་འབྲས་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
གནད་དོན་ལ་ལུ་ཅིག་ནང་ སློབ་དཔོན་ཚུ་གིས་ སློབ་ཁང་གནས་རིམ་གསུམ་ལས་ལྷག་སྟེ་ འཛིན་སྐྱོང་འཐབ་དགོཔ་ཐོན་ཡོདཔ་ལས་ ལཱ་མང་དྲགས་པའི་ཁར་ དུས་ཚོད་ཚད་འཛིན་འབད་དེ་ སློབ་ཁང་ནང་ གཙོ་བོར་བཏོན་དགོཔ་ཐོན་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement