༉ འཕྲལ་ཁམས་ཀྱི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ གནམ་གྲུའི་སྐྱེལ་འདྲེན་ལས་ཁུངས་ཀྱི་ གནམ་ཐང་ལས་འགུལ་ནང་ སྤུས་ཚད་དང་ དངུལ་འབྲེལ་ཚད་འཛིན་ མེད་པའི་ གནད་དོན་ལེ་ཤ་ཅིག་ མངོན་གསལ་འབད་ནུག།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་༢༠༢༢-༢༣ ཅན་མ་དང་ འཁྲིལ་བ་ཅིན་ སྤ་རོ་ གནམ་གྲུའི་སྐྱེལ་འདྲེན་ལས་ཁུངས་ཀྱིས་ འབྲུག་གཞུང་གི་མ་དངུལ་ནང་ལས་ ལས་འགུལ་གྱི་ ལས་སྣ་ཚུ་གི་དོན་ལུ་ སྐབས་ཐོབ་ཀྱི་མ་དངུལ་ དངུལ་ཀྲམ་ས་ཡ་༡༩.༠༨༦ ལག་ལེན་འཐབ་མི་དེ་ ཨེ་ཤི་ཡཱན་གོང་འཕེལ་མ་དངུལ་རྒྱབ་ སྐྱོར་གྱི་ལས་འགུལ་ ‘མཁའ་འགྲུལ་སྐྱེལ་འདྲེན་སྦྲེལ་མཐུད་རྒྱ་སྐྱེད་’ནང་ལས་ ལོག་སྟེ་མ་ལེན་པར་ ཡོདཔ་ཨིན་པས།

གནམ་གྲུའི་སྐྱེལ་འདྲེན་ལས་ཁུངས་ཀྱིས་ བཟོ་སྐྲུན་ཅ་ཆས་ཀྱི་ བསྒྱུར་བཅོས་ལུ་ གོང་ཚད་དབྱེ་དཔྱད་ ལེགས་ཤོམ་མ་འབད་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་༣.༠༧ བྱིན་ཏེ་ ཡོདཔ་ཨིན་པས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཟད་འགྲོ་ངོ་མ་དང་ དངུལ་ཐོབ་བྱིན་མི་དེ་ ལོག་ཐོབ་མི་༢ བར་ན་ ཁྱད་པར་བལྟ་ནིའི་དོན་ལུ་ གོང་ཚད་ཁ་གསལ་དབྱེ་ཞིབ་ཅིག་ འབད་དགོ་པའི་གྲོས་འདེབས་བཀོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལས་ཁུངས་ཀྱིས་ གོང་ཚད་བདེ་སྒྲིག་ལམ་ལུགས་དང་འཁྲིལ་ཏེ་ རྩིས་མ་རྐྱབ་པར་ ཁག་འབགཔ་ལུ་ དངུལ་འཐེབ་དངུལ་ཀྲམ་ས་ཡ་༠.༧༥༧ བྱིན་ཡོད་པ་ད་ མ་དངུལ་དེ་ ལོག་ཐོབ་ཡོད་རུང་ ནོར་འཁྲུལ་འབད་མི་ འབྲེལ་ཡོད་འགོ་དཔོན་ལུ་ དང་ལེན་མ་འབད་བར་ཡོདཔ་ཨིན་པས།

ཨེ་ཤི་ཡཱན་གོང་འཕེལ་མ་དངུལ་གྱིས་ མ་དངུལ་ཚུ་ཡང་ བུམ་ཐང་དང་ དགེ་ལེགས་ཕུག་ ཡོན་ཕུག་ལ་ནང་འཁོད་ གནམ་གྲུ་ཐང་གི་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ཐབས་ལུ་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ གནམ་གྲུ་ཐང་རྒྱ་སྐྱེད་ཀྱི་ ལས་སྣ་འགོ་ཐོག་དེ་ གཞུང་གིས་ ལག་ལེན་འཐབ་ཡོདཔ་ཨིན་པས།

ལས་ཁུངས་ཀྱིས་ བུམ་ཐང་ ནང་འཁོད་གནམ་གྲུ་ཐང་གི་ སྒྲིང་ཁྱིམ་ནང་ གནམ་སྤང་སྦྱར་ལེབ་དང་ འཐིང་གཞི་ དེ་ལས་ གཞན་ཚུ་ལུ་ སྐྱོན་ཞུགས་རུང་ ངོས་ལེན་འབད་དེ་ རྩིས་ལེན་ནུག་ཟེར་ཨིན་པས།

དབང་འཛིན་གྱིས་ རིན་སཱོན་ཁག་འབགཔ་གིས་ དགོས་མཁོ་ཅན་གྱི་ ས་ཁྲ་མ་བྱིན་མི་ལུ་བརྟེན་ དངུལ་ཀྲམ་༡༦༠,༠༠༠ མ་བྱིན་པར་བཞག་མི་དེ་ ལོག་བྱིན་ཡོད་པའི་ མངོན་གསལ་བྱུང་ནུག།

དབང་འཛིན་གྱིས་ ཁག་འབགཔ་ལས་ ས་ཁྲ་དེ་ལེན་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།

ལས་ཁུངས་ཀྱིས་ ཡོན་ཕུག་ལ་ ནང་འཁོད་གནམ་གྲུ་ཐང་ནང་ གནམ་གྲུའི་རྒྱུགས་ལམ་གྱི་ ཉེན་སྲུང་ས་ཁོངས་ བཟོ་སྐྲུན་གྱི་ལཱ་ ཁག་འབགཔ་ ཨེམ/ཨེས་ནོར་བཟང་ བཟོ་བསྐྲུན་སྒེར་སྡེ་ཚད་ལུ་ བྱིན་མི་གི་ ཁག་འབག་གན་ཡིག་དང་འཁྲིལ་ དངུལ་ཀྲམ་ས་ཡ་༥.༩༨༧ ལག་ལེན་འགན་ལེན་དེ་ བསྐྱར་གསོ་མ་འབད་བར་ ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ལག་ལེན་འགན་ལེན་དེ་ ལཱ་མཇུག་མ་བསྡུཝ་ལས་ར་ སྤྱི་ལོ་༢༠༢༣ ལུ་ དུས་ཡོལ་སོང་ནུག།

གནད་དོན་དེ་དང་འབྲེལ་བའི་ ཉེན་སྲུང་གི་ ཉེན་ཁ་ཡོདཔ་ལས་ དབང་འཛིན་གྱིས་ ལག་ལེན་འགན་ལེན་དེ་ བསྐྱར་གསོ་འབད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།

གནད་དོན་དེ་ལུ་ ལས་ཁུངས་ཀྱིས་ བཀོད་མིའི་ནང་ ཁག་འབགཔ་ལུ་ རྩིས་ཞིབ་ཞིབ་རྟོག་སྐོར་ལས་ ཧེ་མ་ལས་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁག་འབགཔ་གི་ ཁ་ཐུག་ལས་ ནོར་བཅོས་ཚུ་ཡང་ འབད་ཚར་བའི་ཁར་ ཁག་འབགཔ་ལུ་ ལོ་༡ གི་ གནོད་སྐྱོན་འཁྲི་བའི་དུས་ཡུན་ བྱིན་ཡི་ཟེར་ཨིན་པས།

ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ དང་ལེན་འབད་བའི་ སྙན་ཞུ་ཚུ་ཡང་ དབང་འཛིན་ལུ་ བརྗེ་སོར་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement